གོང་གི་འཛིན་སྐྱོང་དང་གཤམ་གྱི་དགེ་རྒན་གཉིས་ཐབ་མགོ་གཅིག་ལྟ་བུ་ཡིན་དུས་བར་ཐག་ཉེ་བོ་དང་འབྲེལ་ལམ་ཡག་པོ་ཡོང་རྒྱུ་གལ་ཆེན་པོ་རེད།

ད་ལྟའི་ཆར་སུ་ཇཱ་བོད་ཁྱིམ་གྱི་སློབ་གྲྭ་ཆེ་བར་བོད་ནས་ཡོང་མཁན་གྱིས་བརྒྱ་ཆ་ ༧༠ ཟིན་པའི་སློབ་མ་ ༨༠༠ དང་སློབ་གྲྭ་ཆུང་བར་བརྒྱ་ཆ་ལྔ་བཅུ་བོད་པ་དང་བརྒྱ་ཆ་ལྔ་བཅུ་ཧི་མ་ལ་ཡའི་རི་བརྒྱུད་པ་ཡིན་པའི་སློབ་ཕྲུག་ ༤༠༠ ལྷག་བཅས་ཁྱོན་སློབ་གྲྭ་ཆེ་ཆུང་གཉིས་ལ་སློབ་མ་ ༡༢༠༠ ལྷག་དང་དགེ་རྒན་ ༡༠༤ འདུག

འདི་གའི་གསར་འགོད་པ་སུ་ཇཱ་བོད་ཁྱིམ་སློབ་གྲྭར་བསྐྱོད་དེ་སློབ་སྤྱི་ཀརྨ་ཤེས་རབ་མཐར་ཕྱིན་ལགས་དང་དགེ་རྒན་ངག་དབང་ཚེ་བརྟན་ལགས་གཉིས་སུ། སུ་ཇཱ་བོད་ཁྱིམ་སྤྱི་ཡོངས་ཀྱི་གནས་སྟངས་དང་སློབ་མའི་སློབ་སྦྱོང་གི་གནས་ཚད་སོགས་ཀྱི་སྐོར་ལ་བཀའ་འདྲི་རྒྱུས་ལོན་བྱུང་བ་ལྟར་ན། སུ་ཇཱ་བོད་ཁྱིམ་སློབ་གྲྭ་ནི་བོད་ནས་གསར་དུ་འབྱོར་བ་ཚོར་ཆེད་དམིགས་ཀྱིས་བཙུགས་པ་ཞིག་ཡིན་ཞིང་། ཕྱི་ལོ་ ༡༩༩༡ ཙམ་ལ་སུ་ཇཱ་བོད་ཁྱིམ་སློབ་གྲྭ་ཞེས་བོད་ཁྱིམ་ཁོངས་གཏོགས་སུ་བླངས་ཏེ་རྒྱ་གར་ (CBS) གཞི་རིམ་ཤེས་ཡོན་ལམ་ལུགས་འོག་ཏུ་དེབ་སྐྱེལ་བྱས་ཏེ་འཛིན་རིམ་བཅུ་པ་བར་ཡོད་པ་དང་། བོད་ནས་གསར་དུ་འབྱོར་མཁན་ཚོར་ཆེད་དམིགས་ཀྱིས་གོ་སྐབས་འཛིན་གྲྭ་ཞེས་པ་བཙུགས་ཏེ་སྐད་ཡིག་གཉིས་དང་ཨང་རྩིས་བཅས་སློབ་ཚན་གསུམ་གྱི་ཐོག་ལོ་གཉིས་རིང་སློབ་སྦྱོང་སྤྲད་རྗེས། ཡིག་རྒྱུགས་ལམ་ནས་སློབ་ཕྲུག་དེ་ཚོ་འཛིན་གྲྭ་དྲུག་པ་དང་བདུན་པ་བརྒྱད་པ་བཅས་ཀྱི་ནང་འཛུལ་ཞུགས་བྱེད་ཆོག་གི་ཡོད་འདུག  ཕྱི་ལོ་ ༢༠༡༣ ལོ་ནས་བཟུང་འཛིན་རིམ་བཅུ་གཅིག་དང་། ཕྱི་ལོ་ ༢༠༡༤ ལོར་འཛིན་གྲྭ་བཅུ་གཉིས་གསར་འཛུགས་བྱས་ཏེ། འཛིན་གྲྭ་བཅུ་གཅིག་དང་བཅུ་གཉིས་ཁོངས་སུ་འབྱུང་རིག་སློབ་མ་འཛུལ་ཞུགས་བྱེད་ཀྱི་ཡོད་པ་རེད། ད་ལྟའི་ཆར་འཛིན་རིམ་དྲུག་པ་ནས་བཅུ་གཉིས་པར་སློབ་གྲྭ་ཆེ་བའི་ནང་སློབ་ཕྲུག་ ༨༠༠ ཡོད་པའི་གྲས་ནས་སློབ་ཕྲུག་བརྒྱ་ཆ་བདུན་བཅུ་བོད་ནས་ཡོང་མཁན་ཡིན་པ་དང་། སྔོན་འགྲོའི་འཛིན་གྲྭ་ནས་འཛིན་གྲྭ་དྲུག་པ་བར་གྱི་སློབ་གྲྭ་ཆུང་བའི་ནང་སློབ་ཕྲུག་ ༤༠༠ ལྷག་ཅིག་ཡོད་པའི་ཁོངས་ནས་བརྒྱ་ཆ་ཕྱེད་ཙམ་བོད་རིགས་དང་ཕྱེད་ཙམ་ཧི་མ་ལ་ཡའི་རི་བརྒྱུད་ནས་ཡོང་བའི་སློབ་ཕྲུག་ཡིན་ལ། སློབ་གྲྭ་ཆེ་བའི་ནང་དགེ་རྒན་ ༦༨ དང་སློབ་གྲྭ་ཆུང་བར་དགེ་རྒན་ ༣༦ ཁྱོན་དགེ་སློབ་ ༡༣༠༤ ཡོད་འདུག

སློབ་སྤྱི་ཀརྨ་ཤེས་རབ་མཐར་ཕྱིན་ལགས་སུ་འཛིན་གྲྭ་བཅུ་གཅིག་བཅུ་གཉིས་གསར་འཛུགས་བྱས་པ་ནས་ད་ལྟའི་བར་དུ་སློབ་ཕྲུག་ག་ཚོད་སློབ་མཐར་ཕྱིན་ཡོད་པ་དང་སློབ་ཕྲུག་དེ་དག་གི་སློབ་སྦྱོང་གི་གནས་ཚད་ག་འདྲ་ཡོད་མེད་དྲིས་སྐབས། འཛིན་གྲྭ་བཅུ་གཅིག་བཅུ་གཉིས་འགོ་བཙུགས་ཏེ་ཕྱི་ལོ་ ༢༠༡༥ ལོར་ཐེངས་དང་པོར་འཛིན་གྲྭ་བཅུ་གཉིས་མཐར་ཕྱིན་པའི་སློབ་ཕྲུག་ ༡༢༩ དང་། ཐེངས་གཉིས་པར་སློབ་ཕྲུག་ ༡༣༥། ད་ལོར་སློབ་ཕྲུག་ ༡༡༡ ཁྱོན་བསྡོམས་སློབ་ཕྲུག་༣༧༥ སློབ་མཐར་ཕྱིན་ཡོད་པ་དང་། དེ་དག་གི་གྲས་ནས་ཡིག་རྒྱུགས་མ་འཕྲོད་པའི་སློབ་ཕྲུག་གཅིག་ཀྱང་མེད་པར་མ་ཟད། སྤྱི་ཡོངས་ཀྱི་བརྒྱ་ཆ་སློབ་གྲྭ་ཁག་ཚང་མའི་ནང་ནས་རྩེ་ཕུད་ཀྱི་གྲས་སུ་ཚུད་ཡོད་པ་རེད། ཅེས་བརྗོད་བྱུང་།

སུ་ཇཱ་བོད་ཁྱིམ་སློབ་གྲྭར་མཚོན་ན་སྔོན་མར་བོད་ནས་ཡོང་མཁན་མང་པོ་ཡོད་པ་ལྟར། སྐབས་དེའི་གནས་སྟངས་དང་བསྡུར་ན། ད་ཆར་སློབ་མའི་སློབ་གཉེར་བྱེད་སྟངས་དང་སློབ་སྦྱོང་གི་གནས་ཚད་ལ་འགྱུར་བ་ཕྱིན་ཡོད་མེད་སྐོར་ཁོང་གིས།  ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་བོད་ནས་ཡོང་མཁན་ཉུང་རུ་ཕྱིན་པ་དང་། སློབ་མ་ཡོང་སྟངས་ཀྱི་ཁ་ཕྱོགས་ལ་འགྱུར་བ་ཐེབས་ཏེ་ད་ཆར་སློབ་ཕྲུག་མང་ཆེ་བ་ཕྱོགས་མཐའི་བོད་ཁྱིམ་སློབ་གྲྭ་ཁག་ནས་ཡོང་གི་ཡོད་པ་རེད།སྔོན་མའི་སློབ་ཕྲུག་ཚོར་མཚོན་ན་ཚང་མ་བོད་ནས་ཡོང་བ་ཡིན་དུས་ལོ་ཚད་ཀྱི་ཆ་ནས་ལོ་ན་གང་འཚམས་སོན་ཡོད་པ་དང་།  སློབ་སྦྱོང་གི་གནད་འགག་དེ་ཧ་གོ་ཡི་ཡོད་དུས་བརྩོན་འགྲུས་ཧ་ལས་པ་འདུག ཡིན་ན་ཡང་ད་ལྟའི་གནས་སྟངས་ལ་མཚོན་ན་སློབ་ཕྲུག་ཚོ་ལོ་ཚད་ཀྱི་ཆ་ནས་ཆུང་ཆུང་ཡིན་པ་དང་འཚར་ལོངས་བྱུང་ཚད་ཀྱི་ལོ་ཚོད་ཏག་ཏག་ཅིག་ལ་འཁེལ་ཡོད་དུས། ཁོ་ཚོ་རིག་པ་གསལ་བོ་ཡོད་སྟབས། སློབ་སྦྱོང་ཤེས་སླ་པོ་ཡོད་ནའང་དཀའ་ལས་རྒྱག་སྟངས་དང་ཧུར་བརྩོན་བྱེད་ཕྱོགས་ཐད་ནས་ཁྱད་པར་དང་འགྱུར་བ་ཅུང་ཙམ་ཕྱིན་འདུག་པར་མཐོང་སོང་། ཞེས་ཟེར།

སློབ་སྤྱི་ཞིག་ཡིན་པའི་ཆ་ནས་སློབ་གྲྭ་ཞིག་ལ་མཚོན་ན་སློབ་གྲྭ་འཛིན་སྐྱོང་གི་སྒྲིག་ལམ་དང་སློབ་མ་སློབ་གསོས་སྐྱོང་བའི་ཐབས་ལམ་གཉིས་ལས་གང་གཙོ་བོ་ཡིན་པ་དང་། མ་འོངས་པར་མུ་མཐུད་སློབ་གསོའི་ཁ་ཕྱོགས་ཡར་རྒྱས་གཏོང་ཐབས་ཀྱི་ལས་གཞི་གསར་བ་ག་རེ་ཡོད་དྲིས་སྐབས། ང་རང་སློབ་སྤྱི་ཞིག་ཡིན་པའི་ཆ་ནས་སློབ་མའི་སློང་སྦྱོང་ཡག་པོ་ཆགས་རྒྱུ་དེ་དམིགས་ཡུལ་གཙོ་བོར་འཛིན་གྱི་ཡོད་ལ། གཉིས་ནས་སློབ་མའི་སློབ་སྦྱོང་ཡག་པོ་ཡོང་ཐབས་ལ་སྒྲིག་འཛུགས་དེ་མེད་དུ་མི་རུང་བ་ཞིག་ཡིན་དུས། སྒྲིག་འཛུགས་ཡང་གལ་ཆེན་པོར་འཛིན་གྱི་ཡོད། ཡིན་ན་ཡང་སློབ་མར་སྒྲིག་འཛུགས་མཁྲེགས་པོ་འཛིན་དགོས་པ་རེད་ཅེས་ཁྱོན་ནས་བཤད་ཀྱི་མེད། སྒྲིག་འཛུགས་ཟེར་བ་དེ་སློབ་ཕྲུག་སོ་སོས་འཁུར་ལེན་པའི་ཐོག་ནས་སོ་སོར་ཆེ་མཐོང་དང་བསམ་ཤེས་ཡོང་ཐབས་ཤིག་ལ་ངོས་འཛིན་གྱི་ཡོད། སྤྱིར་བོད་ཁྱིམ་རང་གི་ངོས་ནས་སློབ་གྲྭ་སྤྱི་ཡོངས་ལ་དམིགས་ཡུལ་གསུམ་ཡོད་པ་རེད་དེ། ང་རང་གི་ངོས་ནས་ད་ལོར་དམིགས་བསལ་ཤུགས་སྣོན་རྒྱག་དགོས་བསམ་པའི་དམིགས་ཡུལ་གཙོ་བོ་ནི། དགེ་སློབ་ཚོའི་བོད་ཡིག་གི་གོ་རྟོགས་དང་གནས་ཚད་ཡར་རྒྱས་གཏོང་རྒྱུ་དང་། དེང་དུས་ཤེས་ཡོན་དེ་གལ་ཆེན་པོར་ཆགས་བསྡད་ཡོད་དུས། སློབ་གྲྭ་ཆུང་བར་དབྱིན་ཡིག་དང་སློབ་གྲྭ་ཆེ་བར་བོད་ཡིག་ཡར་རྒྱས་གཏོང་རྒྱུ། དེ་བཞིན་དཔེ་ཀློག་གི་ཕྱོགས་ནས་བོད་ཡིག་ནང་༧གོང་ས་མཆོག་གི་བཀའ་སློབ་དང་། དབྱིན་ཡིག་ནང་དཔེ་དེབ་གཞན་མང་པོ་ཀློག་རྒྱུ་དང་། དེའི་སྐོར་ལ་བགྲོ་གླེང་གནང་རྒྱུ། དེ་བཞིན་དཔེ་ཀློག་གི་ལས་རིམ་དེ་མུ་མཐུད་ཡར་རྒྱས་གཏོང་དགོས་བསམ་ཡོད། ཅེས་བརྗོད་བྱུང་།

 སུ་ཇཱ་སློབ་གྲྭའི་ཆབ་སྲིད་ཚན་རིག་དགེ་རྒན་ངག་དབང་ཚེ་བརྟན་ལགས་སུ་སྔོན་ཆད་དང་བསྡུར་ན་སུ་ཇཱ་སློབ་གྲྭར་འགྱུར་བ་ག་འདྲ་ཕྱིན་ཡོད་མེད་དྲིས་པར་ཁོས། ང་རང་ལ་མཚོན་ན་འདས་པའི་ལོ་ངོ་ ༢༠ ལྷག་རིང་འདི་ག་སློབ་གྲྭར་དགེ་རྒན་བྱས་པ་ཡིན། ངོ་ལོ་དེ་དག་རིང་ལ་ང་རང་གི་མཐོང་ཚུལ་ལྟར་ན།  སྔོན་ཆད་སུ་ཇཱ་སློབ་གྲྭར་ལས་བྱེད་ཀྱི་སློབ་ཕྲུག་ཁ་ཤས་མ་གཏོགས་གཞན་ཚང་མ་བོད་ནས་ཡོང་མཁན་ཆགས་བསྡད་ཡོད་པ་རེད། སྐབས་དེར་གོ་སྐབས་འཛིན་གྲྭ་ནས་འཛིན་རིམ་བཅུ་པ་བར་དུ་ཡོད་པ་དང་། དེ་དུས་གོ་སྐབས་འཛིན་གྲྭ་དང་འཛིན་རིམ་བཅུ་བའི་སློབ་ཕྲུག་བར་ལ་སློབ་སྦྱོང་གི་ཐོག་ནས་ཁྱད་པར་ཞེ་དྲགས་ཡོད་པ་མ་རེད། བོད་ནས་ཡོང་མཁན་ཚོའི་གྲས་སུ་སློབ་སྦྱོང་གི་གོ་སྐབས་རག་པ་དང་མ་རག་པ་གཉིས་ཀ་ཡོད་ན་ཡང་སློབ་སྦྱོང་ལ་ཧུར་བརྩོན་དང་དཀའ་ལས་བརྒྱབ་པ། སློབ་ཁང་དང་ཉལ་ཁང་གང་ཡིན་ན་ཡང་དཔེ་ཀློག་དང་སློབ་སྦྱོང་བྱེད་མཁན་གྱིས་ཁེངས་ཡོད་པས། སློབ་སྦྱོང་གི་ཁོར་ཡུག་ཧ་ཅང་ཡག་པོ་ཡོད་པ་དང་། བོད་ཡིག་གི་ཕྱོགས་ནས་ཀྱང་སློབ་ཕྲུག་ཚོར་ཆུ་ཚད་ཡག་པོ་ཡོད་པ་རེད། འདས་པའི་ལོ་ངོ་ ༡༥ རིང་སློབ་ཕྲུག་ཚོའི་སློབ་སྦྱོང་གི་གནས་ཚད་རང་འཇགས་སུ་བསྡད་ཡོད་ནའང་། ༢༠༠༨ ལོ་ནས་བཟུང་བོད་ནས་ཡོང་མཁན་ཉུང་དུ་ཕྱིན་པ་དང་། རྒྱ་བལ་འབྲུག་གསུམ་ནས་ཡོང་བའི་སློབ་ཕྲུག་མང་རུ་ཕྱིན་པར་བརྟེན་ནས། སློབ་ཕྲུག་ཚོའི་ལོ་ཚད་ཀྱི་ཆ་ནས་ལོ་ཆུང་དུ་ཕྱིན་པ་དང་། བོད་ནང་གི་དཀའ་སྡུག་གི་གནས་སྟངས་དང་། སློབ་སྦྱོང་མ་རག་པའི་སེམས་ཚོར་དེ་འདྲ་མེད་སྟབས། ད་ལྟའི་སློབ་ཕྲུག་ཚོའི་ཤེས་ཡོན་གྱི་ཕྱོགས་ནས་ལོ་བསྟར་ཉམས་རྒུད་དུ་འགྲོ་མགོ་ཚུགས་སོང་། སྔོན་མ་ཡིན་ན་དགོང་མོའི་ཆུ་ཚོད་ ༡༡ དང་ ༡༢ བར་སློབ་ཕྲུག་ཚོས་སློབ་གྲྭའི་ཁོར་ཡུག་གང་སར་དཔེ་ཀློག་བྱེད་ཀྱི་ཡོད་པ་རེད། སྐབས་དེའི་སློབ་ཕྲུག་ཚོར་སློབ་གསོ་རྒྱག་མི་དགོས་པར་ཁོ་ཚོ་རང་ངོས་ནས་དགོང་ཕྱི་ཉལ་དང་ནངས་སྔ་ལངས་ཀྱིས་སློབ་གཉེར་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་ད་ཆར་དགོང་ཕྱི་ཉལ་དང་ནངས་སྔ་ལངས་ཀྱིས་སློབ་སྦྱོང་བྱེད་མཁན་མི་འདུག་ལ། དཔེ་མཛོད་ཀྱི་དཔེ་དེབ་ལ་མཚོན་ནའང་། སྔོན་ཆད་དཔེ་ཀློག་བྱེད་མཁན་མང་སྟབས། གསར་དུ་སླེབས་པའི་དཔེ་དེབ་ཁག་ལམ་སང་རྙིང་པ་ཆགས་ཀྱི་ཡོད་པ་རེད། ད་ཆར་དཔེ་མཛོད་ཁང་གི་དཔེ་ཆར་ལག་པ་འཆང་མཁན་མེད་དུས། དཔེ་དེབ་དག་གསར་པ་བྱས་ནས་ལྷག་བསྡད་ཡོད་པ་རེད། སྔོན་ཆད་ཡིན་ན་ཕྱོགས་གཅིག་ནས་སློབ་ཕྲུག་ཚོའི་ཕ་མ་བོད་ནང་དུ་ཡོད་སྟབས། ཁོ་ཚོས་སློབ་སྦྱོང་ལ་དོ་སྣང་ཆེན་པོ་བྱེད་ཀྱི་འདུག དེང་སྐབས་སློབ་ཕྲུག་མང་པོ་ཞིག་གི་ཕ་མ་ཐག་ཉེ་ན་ཡོད་པས་འབྲེལ་བ་བྱེད་བདེ་ཡོད་དུས། སློབ་ཕྲུག་ཚོས་སློབ་སྦྱོང་ལ་དོ་སྣང་བྱེད་མ་ཐུབ་པའི་གནས་སྟངས་ཤིག་ཆགས་འདུག ཅེས་བརྗོད་བྱུང་།

སློབ་ཕྲུག་ཚོའི་སློབ་སྦྱོང་གི་འཐུས་ཤོར་འགྲོ་ས་གཙོ་བོ་གང་ལ་ཐུག་ཡོད་མེད་དྲིས་པར། སྤྱིར་འགྱུར་བ་ཟེར་དུས། ཕྱོགས་གཅིག་ནས་ཡོང་བ་ཞིག་མ་རེད་བསམ་གྱི་འདུག སློབ་གྲྭ་ཞིག་ལ་མཚོན་ན་ལས་འགན་གཙོ་བོ་དེ་སློབ་ཕྲུག་ཚོ་ཆགས་བསྡད་ཡོད་དུས། སློབ་ཕྲུག་ལ་མཚོན་ནའང་སྤྱོད་པ་ག་རེ་ཡིན་ཡང་ཡོང་སྲིད་པ་ཞིག་རེད། ཡིན་ནའང་སློབ་ཕྲུག་གི་ལོ་ཚད་དང་གནས་སྟངས་ལ་བལྟས་ཏེ་འཛིན་སྐྱོང་གིས་ལས་ཀ་བྱ་དགོས་པ་གལ་ཆེན་པོ་རེད། སྔོན་མ་ཡིན་ན་སློབ་ཕྲུག་མང་པོ་ཞིག་བོད་ནས་ཡོང་བཞིན་ཡོད་པ་རེད། དེང་སྐབས་སློབ་ཕྲུག་ཚོ་དེ་འདྲ་མིན་དུས་དེ་ལ་འབབ་པའི་སྒྲིག་འཛུགས་ཤིག་དགོས་པ་གལ་ཆེན་པོར་མཐོང་གི་འདུག དེ་བཞིན་སྔོན་ཆད་ཡིན་ན་སློབ་ཕྲུག་གི་གནས་སྟངས་ལ་དཔག་པའི་སློབ་གྲྭའི་བྱ་འགུལ་ཁག་ཅིག་རྒྱ་ཆེན་པོ་བྱས་ཏེ་སྤེལ་དགོས་ཀྱི་ཡོད་པ་རེད། ད་ལྟ་སློབ་ཕྲུག་མང་ཆེ་བ་ལོ་ཆུང་ཆུང་ཡིན་སྟབས། སོ་སོའི་ངོས་ནས་བསམ་བློ་གཏོང་ཐུབ་ཀྱི་མེད་དུས། བྱ་འགུལ་དེ་དག་སློབ་ཕྲུག་ཚོའི་ལོ་ཚད་དང་འཚམས་པའི་སྒོ་ནས་སྤེལ་རྒྱུ་གལ་ཆེན་རེད་བསམ་ཀྱི་འདུག འཛིན་སྐྱོང་རིམ་པ་མང་པོ་ཞིག་ཡོང་གི་ཡོད་དུས། སྐབས་རེར་འཛིན་སྐྱོང་མགྱོགས་པོར་བརྗེ་བོ་བརྒྱབ་པ་ཡིན་ན། དེས་མང་པོ་ཞིག་འཐུས་ཤོར་ལ་གཏོང་གི་མེད་འགྲོ་བསམ་གྱི་འདུག ང་རང་གི་བསམ་ཚུལ་ཡིན་ན། སྒང་གི་འཛིན་སྐྱོང་དང་གཤམ་གྱི་དགེ་རྒན་གཉིས་བར་ཕན་ཚུན་ཡིད་ཆེས་དང་སེམས་ཐག་ཉེ་བོ་ཡོང་དགོས་ཀྱི་འདུག དེ་མིན་སློབ་གསོའི་ལས་དོན་ཆུང་ཆུང་ཞིག་ཡིན་ནའང་ཚེགས་ཚུད་མ་ཡོང་བའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་པ་རེད། དེར་བརྟེན་གོང་གི་འཛིན་སྐྱོང་དང་གཤམ་གྱི་དགེ་རྒན་གཉིས་ནི་ཐབ་མགོ་གཅིག་ལྟ་བུ་ཆགས་ཀྱི་ཡོད་དུས། དེ་གཉིས་བར་ཐག་ཉེ་བོ་དང་འབྲེལ་ལམ་ཡག་པོ་ཡོང་རྒྱུ་གལ་ཆེན་པོ་རེད། ཅེས་ཟེར།

སུ་ཇཱ་བོད་ཁྱིམ་གྱི་དཔེ་ཀློག་གནས་སྟངས་སྐོར་དྲིས་པར་ཁོང་གིས། སྤྱིར་འཛམ་བུ་གླིང་དུ་སྙན་གྲགས་ཆེ་བའི་མི་སྣ་མང་པོ་ཡོད་ཀྱང་། འདས་མ་ད་གསུམ་གང་ལ་བསམ་བློ་བཏང་ནའང་ཕན་ཐོགས་ཡོད་མཁན་ཞིག་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མ་གཏོགས་མཐོང་གི་མི་འདུག ༧གོང་ས་རྒྱལ་བ་རིན་པོ་ཆེ་ལ་མཚོན་ན་ད་ལྟ་ཞལ་བཞུགས་གནང་ཡོད་པ་དེ་རྩ་ཆེན་པོ་རེད་ལ། དེ་ལས་ཀྱང་རྩ་ཆེ་ཤོས་ནི་ཁོང་ཉིད་ཀྱི་དགོངས་གཞི་ཡིན་པ་རེད། ངས་སྔོན་ཆད་ནས་༧གོང་ས་མཆོག་གི་དགོངས་གཞིའི་སྐོར་ལ་ལས་ཀ་ཆུང་ཆུང་ཞིག་བྱ་ཐུབ་ན་བསམ་ཡོད། ན་ནིང་ནས་ངས་གོང་གི་འཛིན་སྐྱོང་ལ་དཔེ་ཀློག་སྐོར་གྱི་འཆར་གཞི་དང་བཅས་ཏེ་ཞུས་པ་ཡིན། སྐབས་དེར་བོད་ཁྱིམ་ཁག་ནང་ལ་༧གོང་ས་མཆོག་གི་བཀའ་སློབ་ཀློག་པའི་ལས་འཆར་ཞིག་ཡོད་པ་དང་། དཔེ་ཀློག་གི་བྱ་འགུལ་དེའི་དམིགས་ཡུལ་དང་པོ་དེ་༧གོང་ས་རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ཀློག་རྒྱུ་དང་། གཉིས་པ་དེ་སློབ་ཕྲུག་ཕན་ཚུན་བར་བཀའ་སློབ་སྐོར་ལ་བགྲོ་གླེང་བྱ་རྒྱུ། གསུམ་པ་དེ་༧གོང་ས་རྒྱལ་བ་རིན་པོ་ཆེའི་བཀའ་སློབ་བཀླགས་ཏེ་རང་ཉིད་ཀྱི་མི་ཚེའི་ནང་ལག་ལེན་བསྟར་རྒྱུ་བཅས་ཡིན་པ་རེད། སྤྱིར་དཔེ་ཀློག་བྱེད་མཁན་ཚོས་༧གོང་ས་མཆོག་གི་བཀའ་སློབ་ཁག་སྐད་ཡིག་གང་གི་ནང་ཀློག་གི་ཡོད་ནའང་དེ་འགྲིག་གི་རེད། ཡིན་ནའང་ང་ཚོ་བོད་པ་ཞིག་ཡིན་དུས། ཁོང་ཉིད་ཀྱི་བཀའ་སློབ་ཁག་བོད་ཡིག་ནང་ཀློག་ཐུབ་པ་ཡིན་ན། ཞོར་ནས་བོད་ཡིག་ཀྱང་ཡར་རྒྱས་འགྲོ་ཡི་རེད་བསམ་གྱི་འདུག དགེ་རྒན་དང་ལས་བྱེད་ཁ་ཤས་ཀྱིས་བཀའ་སློབ་ཀློག་པའི་ལས་རིམ་དེ་དབྱིན་ཡིག་ནང་བཟོ་དགོས་པའི་བསམ་འཆར་བཏོན་ཡང་། ང་ཚོས་ལས་རིམ་དེ་བོད་ཡིག་ནང་བཟོས་པ་ཡིན་ལ། དེས་སློབ་ཕྲུག་ཚོའི་བོད་ཡིག་ཡར་རྒྱས་གཏོང་བར་ཕན་ཐོགས་ཀྱི་འདུག ཅེས་བརྗོད་བྱུང་།

མཇུག་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་ཡོན་སྲིད་བྱུས་སྐོར་ལ་ཁོང་གིས། ང་རང་ལ་མཚོན་ན་ཤེས་ཡོན་སྲིད་བྱུས་སྐོར་གྱི་ཟབ་སྦྱོང་དང་གཏམ་བཤད། ངོ་སྤྲོད་སོགས་ལ་ཐེངས་ཁ་ཤས་ལ་བཅར་རྒྱུ་བྱུང་། ད་ལྟའི་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་ཡོན་སྲིད་བྱུས་དེ་ཡག་པོར་མཐོང་སོང་ལ། ཤེས་ཡོན་སྲིད་བྱུས་དེ་དངོས་སུ་ལག་བསྟར་བྱས་ཏེ་འགྲོ་ཐུབ་ཚེ། དེས་ང་ཚོ་བོད་པ་ཙམ་མ་ཟད་འཛམ་གླིང་སྤྱི་ལ་ཕན་ཐོགས་ཡོང་ས་རེད། ཅེས་ཟེར།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༡༠/༠༡

Leave a Reply

6 thoughts on “གོང་གི་འཛིན་སྐྱོང་དང་གཤམ་གྱི་དགེ་རྒན་གཉིས་ཐབ་མགོ་གཅིག་ལྟ་བུ་ཡིན་དུས་བར་ཐག་ཉེ་བོ་དང་འབྲེལ་ལམ་ཡག་པོ་ཡོང་རྒྱུ་གལ་ཆེན་པོ་རེད།

  1. བསམ་པ་རྣམ་དག

    དོངས་གནས་བྱས་ན་རྒན་ངག་དབང་ཚེ་བརྟན་ལགས་སུ་ཇཱ་སློབ་གྲྭའི་སློབ་སྤྱིར་ཧ་ཅང་འོས་སྙམ། གང་ལགས་ཞུས་ན། ཁོང་གིས་མི་ལོ་ཉི་ཤུའི་ཁ་ཞེ་གཉིས་མེད་ཀྱིས་ལྷག་བསམ་ཙམ་མིན་པར། སྔོན་མའི་སོབ་ཟུར་དང་ད་ལྟའི་སོབ་མ་མང་པོས་ཁོང་ནི་མིག་དཔེར་ལོས་པའི་དགེ་རྒན་ཞིག་ལ་ངོས་འཛིན་གནང་མུས་ཡིན།

  2. སུ་ཇ་སློབ་གྲྭ་ནི་གཞིས་བྱེས་གཉིས་དབར་གྱི་འབྲེལ་ཟམ་ཞིག་རེད། ལྷག་པར་དུ་སློབ་གླིང་དེའི་ནང་ཕྱག་ལས་གནང་མཁན་གྱི་དགེ་རྒན་དེ་དག་གིས་འབྲེལ་ཟམ་དེ་སྲུང་སྐྱོབས་བྱ་རྒྱུར་སྐུ་ངལ་ཚད་མེད་བསྐྱོན་ཡོད། ད་ཆ་སློབ་གྲྭ་དེ་ནས་ཐོན་པའི་སློབ་ཟུར་མང་པོ་ཞིག་གིས་གལ་གནད་ཆེ་བའི་ལས་དོན་དུ་མའི་ནང་འགན་འཁུར་བླངས་བཞིན་ཡོད་པས། དེ་ནི་འབྲེལ་ཡོད་ཀུན་གྱིས་སྐུ་ངལ་བསྐྱོན་པའི་འབྲས་བུ་ཞིག་ཡིན།
    དགེ་རྒན་རྣམ་པས་མུ་མཐུད་སྐུ་ལས་བསྐྱོན་རོགས་ཞུ་རྒྱུ་ཡིན་ལ། དགེ་རྒན་གསར་པ་རྣམས་ཀྱིས་སྔར་སྲོལ་བཟང་པོ་རྒྱུན་སྐྱོང་དང་། ཐབས་ཤེས་གསར་པ་འདོན་སྤེལ་གྱིས་གྲུབ་འབྲས་སྔར་བས་འདོན་ཐུབ་པ་གནང་རྒྱུར་རེ་སྨོན་ཞུ།