དཔེ་དེབ་གཞུང་བཞེས་བཏང་འདུག

བུད་མེད་རྩོམ་པ་པོ་ར་རྫ་འཇམ་དབྱངས་སྐྱིད་ལགས་དང་བྱང་སྐར་ལགས་གཉིས་ཀྱི་དེབ་རྒྱ་ནག་གཞུང་གིས་གཞུང་བཞེས་བཙན་ཁྱེར་བྱས་ཡོད་འདུག

ཕྱི་ཟླ་ ༩ ཚེས་ ༢༨ ཉིན་བོད་ནང་གི་བུད་མེད་རྩོམ་པ་པོ་ར་རྫ་འཇམ་དབྱངས་སྐྱིད་ལགས་ཀྱི་དེབ་གསར་<<ཐོབ་ཐང་དང་བདེ་ཐང>>དང་། བྱང་སྐར་ལགས་ཀྱིས་རྒྱ་ཡིག་ནས་བསྒྱུར་བའི་དེབ་གསར་<<དབང་ཆར་ཚད་འཛིན་དང་ཐོབ་ཐང་སྲུང་སྐྱོབ>>གཉིས་ལྷ་སའི་དཔེ་ཁང་ཞིག་ནས་རྒྱ་ནག་གཞུང་གིས་གཞུང་བཞེས་བཙན་འཁྱེར་བྱས་ཡོད་འདུག

ཕྱི་ཚེས་ ༣༠ ཉིན་རྩོམ་པ་པོ་ར་རྫ་འཇམ་དབྱངས་སྐྱིད་ལགས་ཀྱིས་མོ་རང་གི་སྐད་འཕྲིན་ཐོག་སྤེལ་བའི་གནས་ཚུལ་ནང་དུ། ཕྱི་ཚེས་ ༢༨ ཉིན་ལྷ་སའི་དཔེ་ཁང་ཞིག་གིས། ཁོང་གཉིས་ཀྱི་དཔེ་དེབ་ ༡༠༠ རེ་མངགས་མཁན་ཞིག་འདུག་ཅེས་བརྗོད་པ་ལྟར། དེབ་ ༢༠༠ དཔེ་ཁང་དེར་བསྐྱལ་ནས་མངགས་མཁན་ལ་སྤྲོད་རྒྱུ་བྱས་ཡོད་ཀྱང་། ཕྱི་ཚེས་ ༣༠ ཉིན་གྱི་ཉིན་རྒྱབ་ཏུ་དེབ་ཀྱི་བར་འདུག་མཁན་གྱིས་ཁ་པར་ཡོང་སྟེ། ཁོང་གཉིས་ཀྱི་དེབ་ཚང་མ་ལས་ཁུངས་ཁ་ཤས་ཀྱི་མི་དྲུག་བདུན་ཞིག་ཡོང་སྟེ་ཁྱེར་ཕྱིན་ཡོད་པ་མ་ཟད། དཔེ་ཁང་དེར་ཡོད་པའི་མོས་བསྒྱུར་བའི་<<སེམས་ཀྱི་སྟོབས། ཚོང་གི་མིག>>ཞེས་པའང་བཙན་ཁྱེར་བྱས་ཡོད་སྐོར་ལབ་དུས། མངགས་ཉོ་མཁན་གྱི་མགོ་སྐོར་འོག་ཚུད་པ་མིན་འགྲོ་བསམ་པའི་དོགས་པ་བྱུང་སྐོར་བརྗོད་འདུག

དེབ་རྣམས་གཞུང་བཞེས་བཏང་བ་ཡིན་སྐོར་འཇམ་དབྱངས་སྐྱིད་ལགས་ཀྱིས། ཕྱི་ཚེས་ ༣༠ ཉིན་ལྷ་སའི་དཔེ་ཁང་གཞན་ཞིག་གི་ནང་ནས་ཀྱང་<<ཟ་མ་མོའི་སྐྱིད་སྡུག་གངས་མ་ཆར>>དང་། <<སྐྱེས་མའི་གནས་སྟངས་ཟུར་བལྟས་ལེབ་མཐོང་>>གཉིས་ལའང་སྔོག་བཤེར་བྱེད་ཀྱི་འདུག་ཟེར། དེབ་ཆ་ཚང་ལ་སྔོག་ཁྱེར་བྱེད་པར་བལྟས་ན། དེབ་ཀྱི་རྙོག་དྲ་མིན་པར་བསམ་གཟས་རྐང་བཙུགས་ཀྱིས་དེབ་རྩོམ་མཁན་ལ་དམགས་ཀྱི་ཡོད་པ་ཨེ་ཡིན་འདོད། ཅེས་བརྗོད་འདུག

མཇུག་ཏུ། གལ་ཏེ་གོང་གི་དེབ་གསར་གཉིས་ཕྱིར་མ་སྤྲད་པ་ཡིན་ན། དེ་གཉིས་རྐྱང་རྐྱང་གི་རིན་གོང་རྒྱ་སྒོར་ ༦༣༠༠ རེད། དཔལ་འབྱོ་གྱི་གྱོང་གུན་ལ་ཕངས་སེམས་ཆེན་པོ་མེད་ནའང་། སྐྱེས་མ་ཐག་པའི་ཕྲུ་གུ་ཟུང་གི་ཚེ་སྲོག་ལ་ཉེས་མེད་བར་ཆད་བཏང་ཨེ་ཡོང་བསམ་དུས་སེམས་པ་ཤིན་ཏུ་རབ་ཏུ་ཕངས། ང་ཚོས་རང་གི་འཚོ་བའི་གནས་སྟངས་དེབ་ལ་འགོད་པའི་རང་དབང་ཕྲ་མོ་ཙམ་དེ་ཡང་འཕྲོག་ཨེ་འགྲོ་བསམ་དུས། དེ་བས་ཀྱང་སེམས་སྣང་ཕན་ཕུན་དུ་གྱུར་འགྲོ། ཞེས་བརྗོད་འདུག

ར་རྫ་འཇམ་དབྱངས་སྐྱིད་ལགས་ཀྱིས་བརྩམས་པའི་«ཐོབ་ཐང་དང་བདེ་ཐང»ཞེས་པའི་དེབ་དེ་ནི། བོད་ཀྱི་བུད་མེད་ཀྱི་གནས་སྟངས་ལ་དབྱེ་ཞིབ་དང་བསམ་གཞིགས། རྒྱུས་ལོན་རྩད་ཞིབ་བྱས་པ་ཞིག་དང་། གཞན་ཡང་། བོད་ཀྱི་སྤྱི་ཚོགས་ནང་ལུས་སེམས་གཉིས་སྡུག་ལ་སྐྱེལ་གྱིན་པའི་ཉམ་ཐག་ཨེ་ཛི་ནད་པ་ཁ་ཤས་ཀྱི་ནང་སེམས་ཀྱི་མྱ་ངན་ཇི་བཞིན་དུ་ཡིག་ངོར་བཀོད་པ་ཞིག་ཡིན་འདུག་ལ། དེབ་གསར་གྱི་གླེང་གཞིའི་ནང་དུ་འཇམ་དབྱངས་སྐྱིད་ལགས་ཀྱིས། མི་སུ་ཞིག་ཡིན་རུང་རང་ཆས་སུ་མངའ་བའི་ཐོབ་ཐང་ལོངས་སྤྱོད་དུ་མེད་པའི་གནས་སྟངས་སུ་མ་མཐའི་སྲོག་འཚོ་བའི་ཐོབ་ཐང་དང་ལུས་པོ་བདེ་ཐང་གི་ཐོབ་ཐང་ལ་ཁག་ཐེག་མེད་པ་སྨོས་མེད་ཡིན་གཤིས། སློབ་གསོ་དང་རྒྱུ་ནོར་དང་ལས་ཞུགས་དང་ཆབ་སྲིད་དང་མཐོ་རིམ་དབང་ཆའི་ཆ་ཤས་ལེན་པའི་ཐོབ་ཐང་སྤྱོད་ཐུབ་པ་ནི་དེ་བས་ཀྱང་ལྟ་ག་ལ་ཞིག་ཨང་ཞེས་བརྗོད་འདུག

བྱང་སྐར་ལགས་ཀྱི་སྒྱུར་དེབ་<<དབང་ཆར་ཚད་འཛིན་དང་ཐོབ་ཐང་སྲུང་སྐྱོབ>>ཀྱི་གླེང་གཞི་མིང་དོན་མཚུངས་པའི་དམངས་གཙོ་ལ་འཇུག་པར་བྱ་ཞེས་པའི་ནང་དུ། སྔར་མེས་པོ་མཁས་མཛངས་ལྡན་པ་རྣམས་ཀྱིས་སྐབས་དེར་ང་ཚོ་སླེབས་སའི་འཛམ་གླིང་གི་རིག་གནས་ཡག་ཤོས་ཏེ། རྒྱ་གར་ནས་ཆོས་ལུགས་ཇི་ལྟར་ནང་འདྲེན་མཛད་པ་དེ་ལྟར། དེ་རིང་གི་འཇིག་རྟེན་འདིར། ང་ཚོས་ཀྱང་དམངས་གཙོ་ཡག་ཤོས་གང་ཡིན་མ་ནོར་བར་ནང་འདྲེན་གྱིས། ལྷག་བསམ་རྣམ་དག་གི་ངང་ནས་དེ་ལ་སྒོམ་ཞིང་དེ་ཉིད་ཉམས་སུ་བླངས་ན། ངེད་ཅག་ལ་དམངས་གཙོ་མཚན་ཉིད་པ་ཞིག་དར་བར་ཐེ་ཚོམ་ཕྲ་མོ་ཙམ་མི་དགོས། ཞེས་བརྗོད་འདུག

བསྐྱར་བཅོས།: ༢༠༡༧/༡༠/༠༡

Leave a Reply

2 thoughts on “དཔེ་དེབ་གཞུང་བཞེས་བཏང་འདུག

  1. ལྕགས་མགོན་ངག་དབང་ནོར་བུ།

    སྐྲག་སྣང་གི་མདུད་པས་བཅིངས་བའི་རྒྱ་གཞུང་གི་བྱེད་སྟངས་རེད། ཁོ་ཚོའི་རེ་བ་དང་གཡོ་རྒྱུ་འཇིག་ལ་ཉེ།

  2. རྒྱུད་གྲྭ་བློ་བཟང་དབང་འདུས།

    གུང་ཕྲན་ཏང་གི་་་ སྙེམས་ཆུང་ཕ་མ། མི་རིགས་འདྲ་ཉམས་ཚིག་དེ་ ག་པར་གཡུག་པ་རེད།
    可怜的父母. 人类平等. 特权平等…..在哪里扔了这个话.