རྒྱ་མོ་ཞིག་གིས་པར་རིས་འགྲེམས་སྟོན་ལ་ངོ་རྒོལ་ལག་འཛིང་བྱས།

བཞུགས་སྒར་དྷ་རམ་ས་ལའི་བོད་ཀྱི་དཔའ་བོ་དཔའ་མོའི་རྡོ་རིང་མདུན་དུ་བོད་ནང་གི་ཞི་རྒོལ་དང་འབྲེལ་བའི་པར་རིས་འགྲེམས་སྟོན་བྱས་སྐབས་རྒྱ་མོ་ཞིག་གིས་ངོ་རྒོལ་དྲག་པོ་བྱས།

ཟླ་འདིའི་ཕྱི་ཚེས་ ༡ ཉིན། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་གཙུག་ལག་ཁང་གི་ཉེ་འཁྲིས་སུ་ཡོད་པའི་དཔའ་བོ་དཔའ་མོའི་རྡོ་རིང་མདུན་དུ། ཕྱི་ལོ་ ༡༩༨༧ ཟླ་༩ ཚེས་༢༧ དང་ཟླ་༡༠ ཚེས ༡ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་གདན་ས་ཆེན་པོ་སེ་འབྲས་གཉིས་ཀྱི་དགེ་འདུན་པ་རྣམས་ཀྱིས་ཞི་བའི་ངོ་རྒོལ་གནང་སྐབས། རྒྱ་ནག་གཞུང་གིས་དྲག་གནོན་བྱས་ནས་ཞི་རྒོལ་བ་མང་པོར་ཤི་རྨས་བྱུང་སྟེ་ལོ་ངོ་ ༣༠ འཁོར་བར་དུས་དྲན་ཆེད། སྐབས་དེའི་ཞི་རྒོལ་གྱི་པར་རིས་ཁག་ཅིག་འགྲེམས་སྟོན་གནང་ཡོད་པ་དང་།  གློ་བུར་དུ་ལྭ་བ་དཀར་པོ་གྱོན་པའི་བུད་མེད་ཅིག་གིས་ལག་ཏུ་ཇེམ་ཙེ་ཆེན་པོ་ཞིག་བཟུང་ནས་པར་རིས་རྣམས་གང་བྱུང་གཏུབ་པ་མ་ཟད། འགྲེམས་སྟོན་གནང་བཞིན་པའི་པར་རིས་རྣམས་རྫུན་མ་ཡིན་ལུགས་བརྗོད་དེ་ངར་ངར་སིག་སིག་བྱས། སྐབས་དེར་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་སྤྱི་འཐུས་ལྷ་རྒྱལ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས་གསལ་བཤད་གནང་ཡོད་ཀྱང་རྒྱ་མོ་དེས་མ་ཉན་པ་མ་ཟད། ལག་པའང་བརྐྱངས་ཏེ་ཁོང་གཉིས་ཀྱིས་འཇུ་རིས་འཐེན་འདེད་ཡང་བྱས་ཡོད་པ་རེད།

སྐབས་དེར་ཡུལ་དངོས་སུ་ཡོད་པའི་མི་ཁག་ཅིག་གིས་བརྗོད་ན། རྒྱ་མོ་དེས་ཧམ་པ་ཆེན་པོས་པར་རིས་རྣམས་གཅད་གཏུབ་བྱས་པ་མ་ཟད། དེ་ལྟར་མ་གནང་རོགས་ཞེས་བཀག་འགོག་བྱེད་མཁན་ཚོ་ལའང་སྐད་ཤུགས་ཆེན་པོས་གཤེ་གཤེ་བཏང་སྟེ། གདོང་ལ་མཛུབ་མོ་བཙུགས་པ་དང་ཁུ་ཚུར་གཞུས་པ་སོགས་བྱས་ཡོད་འདུག

ཡུལ་དངོས་ཀྱི་བརྙན་ཐུང་ནང་དུ། སྤྱི་འཐུས་ལྷ་རྒྱལ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས་རྒྱ་མོ་དེར་དབྱིན་སྐད་ཀྱིས་གསལ་བཤད་བྱེད་ཀྱི་འདུག་ཀྱང་ཉན་གྱི་མི་འདུག་ལ། སྐྱེས་པ་ཞིག་གིས་ཀྱང་རྒྱ་སྐད་ཀྱི་ཐོག་ནས་ངས་ཁྱེད་ལ་འགྲེལ་བཤད་རྒྱག་དགོས་ཞེས་ཡང་ཡང་བརྗོད་ཀྱི་འདུག་ཀྱང་ཉན་རོགས་བྱེད་ཀྱི་མི་འདུག མཐར་རྒྱ་མོ་དེས་ངར་ངར་སིག་སིག་གིས་དེར་ཡོད་ཨ་མ་རྒན་མོ་ཞིག་དང་ཁ་འཛིང་བྱས་རྗེས་གཙུག་ལག་ཁང་དུ་ཕྱིན་སོང་།

བུད་མེད་དེའི་མིང་ལ་ཀྲུའུ་ཝིན་ཆི་(Zhu Wenpi)ཟེར་ཞིང་། ཨ་རིར་གནས་སྡོད་བྱེད་བཞིན་པའི་རྒྱ་རིགས་ཤིག་ཡིན་འདུག

བསྐྱར་བཅོས།: ༢༠༡༧/༡༠/༠༣

Leave a Reply

5 thoughts on “རྒྱ་མོ་ཞིག་གིས་པར་རིས་འགྲེམས་སྟོན་ལ་ངོ་རྒོལ་ལག་འཛིང་བྱས།

  1. ཡུལ་གྱར་བོད་མིའི་བདེ་སྲུང་ལས་ཁང་དང་དུས་བབ་ཚང་རྣམ་གཉིས་རྒྱ་བའི་བཀའ་བཞིན་སྒྲུབ་ཀྱི་ཡོད་པའི་རེ་བ་ཤིན་ཏུ་ཆེའོ།