ཨ་རིའི་ནང་དམར་གསོད་དོན་རྐྱེན་ཚབས་ཆེན་བྱུང་།

རང་ལོ་ ༦༤ ཡིན་པའི་སྐྱེས་པ་ཞིག་གིས་ཨ་རིའི་རོལ་དབྱངས་མཚན་ཚོགས་ཤིག་ཏུ་གང་བྱུང་མེ་མདས་བརྒྱབས་ཏེ་ཨ་རིའི་དེང་རབས་ལོ་རྒྱུས་ནང་མེ་མདའི་དམར་གསོད་དོན་རྐྱེན་ཚབས་ཆེ་ཤོས་བྱུང་ཡོད་འདུག

ཟླ་འདིའི་ཚེས་ ༡ ཉིན་ཨ་རིའི་ནུབ་རྒྱུད་མངའ་སྡེ་ནེ་བཱ་དྷའི་(Nevada)གྲོང་ཁྱེར་ལཱ་སི་བི་གྷ་སི་(Las Vegas)ལ་བསྡུས་པའི་རོལ་དབྱངས་མཚན་ཚོགས་ཤིག་ཏུ།   ལོ་ན་ ༦༤ ཡིན་པའི་མིང་ལ་སི་ཊི་ཧྥིན་པཱ་ཌོ་ཁུ(Stephen Paddock)ཟེར་བ་ཞིག་གིས་མི་ཚོགས་ནང་གང་བྱུང་མེ་མདས་བརྒྱབས་ཏེ་ཉུང་མཐར་ལྟད་མོ་བ་ ༥༩ རྐྱེན་ལམ་དུ་བཏང་ཡོད་པ་དང་། མི་ ༥༢༧ ལ་རྨས་སྐྱོན་བཟོས་ཏེ། ཕྱི་ལོ་ ༡༩༤༩ ནས་རྩིས་པའི་ཨ་རིའི་དེང་རབས་ལོ་རྒྱུས་ནང་གི་མེ་མདའི་དམར་གསོད་དོན་རྐྱེན་ཚབས་ཆེ་ཤོས་ཆགས་ཡོད་འདུག

སི་ཊི་ཧྥིན་ཟེར་བ་དེས་མཚན་ཚོགས་ར་བའི་ཉེ་འཁྲིས་མན་ཌ་ལེ་བྷེ་(Mendalay Bay)ཞེས་གསོལ་མགྲོན་ཁང་ཞིག་གི་ཐོག་རྩེག་ ༣༢ པའི་ཁང་པའི་སྒེའུ་ཁུང་ཞིག་ནས་མི་ཚོགས་ནང་མེ་མདས་བརྒྱབས་ཡོད་པ་དང་། ཉེན་རྟོག་པ་སི་ཊི་ཧྥིན་གྱི་མགྲོན་ཁང་དུ་ཕྱིན་ཏེ་ཕན་ཚུན་མེ་མདའ་འཕེན་རེས་བྱས་རྗེས། སི་ཊི་ཧྥིན་གྱིས་རང་སྲོག་བཅད་ཡོད་པ་དང་། ཁོའི་ཁང་པའི་ནང་དུ་མེ་མདའ་ ༢༣ དང་། འགད་རྫས་སོགས་མེ་མཚོན་གཞན་ ༡༩ ལག་སོན་བྱུང་ཡོད་འདུག

ད་ལྟའི་ཆར་མི་དེས་དམར་གསོད་དོན་རྐྱེན་བསླངས་དགོས་པའི་རྒྱུ་རྐྱེན་ཁ་གསལ་མེད་ནའང་། ཁ་ཆེའི་འཇིགས་སྐུལ་རིང་ལུགས་ཀྱི་ཚོགས་པ་ཨ་ཨེ་སི་(IS)ཚོགས་པས། སི་ཊི་ཧྥིན་ཟླ་འགའི་གོང་དུ་འཇིགས་སྐུལ་བའི་ནང་འཛུལ་ཞུགས་བྱས་ཡོད་ཚུལ་བརྗོད་ཡོད་ཀྱང་། ཨ་རིའི་གསང་བའི་ལས་ཁུངས་ཀྱི་ལས་བྱེད་ཨ་རོན་རོ་སི་(Aaron Rouse)ལགས་ཀྱིས། མེ་མདའི་དོན་རྐྱེན་འདི་ཁ་ཆེའི་འཇིགས་སྐུལ་ཚོགས་པར་འབྲེལ་བ་ཡོད་པ་ཞིག་རེད་མིན་འདུག  ཅེས་བརྗོད་ཡོད་པ་རེད།

སི་ཊི་ཧྥིན་གྱི་སྤུན་ཨེ་རི་ཁུ་སི་ཊི་ཧྥིན་(Eric Stephen)གྱིས། ངའི་ཕུ་བོས་བྱ་བ་འདི་འདྲ་ཞིག་བསྒྲུབས་པ་དེས་ང་རང་མགོ་འཐོམས་བཅུག་སོང་། ཞེས་བརྗོད་འདུག

ལོ་ངོ་དྲུག་གི་ཡར་སྔོན་དུ་མེ་མདའི་དྲག་རྒོལ་ལས་ཐར་བའི་ཨ་རིའི་གྲོས་ཚོགས་འཐུས་མི་ཟུར་བ་ལྕམ་གྷེ་བྷི་རཱལ་གྷི་ཧྥི་ཌི་(Gabrielle Gifford)དང་།  མོའི་ཁྱོ་ག་མཱ་ཁུ་གེ་ལེ་(Mark Kelly)གཉིས་ཀྱིས།  ཕོ་བྲང་དཀར་པོས་འདས་གྲོངས་སུ་ཕྱིན་པའི་མི་མང་ལ་གསོལ་བ་སྨོན་ལམ་དང་། གདུང་སེམས་མཉམ་སྐྱེལ་བྱས་པ་ཙམ་གྱིས་མ་འོངས་པར་མེ་མདའི་དོན་རྐྱེན་གཏན་འགོག་བྱེད་མི་ཐུབ་པར་བརྟེན། དོན་རྐྱེན་འདི་བརྒྱུད་དེ་ཨ་རིའི་ནང་མེ་མདའ་དམ་དྲག་བྱེད་པའི་སྒྲིག་ཁྲིམས་གཏན་འབེབས་བྱ་རྒྱུ་གལ་ཆེན་ཆགས་ཡོད། ཅེས་བརྗོད་ཡོད་པ་རེད།

གསར་འགོད་པ།  སྐལ་བཟང་སྤྱིན་པ།

བསྐྱར་བཅོས།: ༢༠༡༧/༡༠/༠༣

Leave a Reply

4 thoughts on “ཨ་རིའི་ནང་དམར་གསོད་དོན་རྐྱེན་ཚབས་ཆེན་བྱུང་།

  1. རྩོམ་སྒྲིག་ལས་རོགས་པད་མ་མཚོ་ཟེར་བ་དེས་འཐུས་ཤོར་བཏང་བ་རེད་རྩོམ་སྒྲིག་པ་དོན་འགྲུབ་བཀྲ་ཤིས་མཆོག་སྤྱི་འཐུས་ཚོགས་འདུ་ཡོད་རེད

  2. ཉེ་ལམ་ཞིག་ནས་བོད་ཀྱི་དུས་བབ་ཚང་གི་གསར་འགྱུར་སྤུས་ཚད་ཇེ་ཞན་དུ་འགྲོ་སོང་། སྔོན་ཆད་ཀྱི་རྒྱལ་སྤྱིའི་དབྱེ་ཞིབ་གསར་འགྱུར་དག་མཚམས་ཆད་སོང་བ་མ་ཚད་གློག་བརྙན་སྐོར་གྱི་གསར་འགྱུར་བྲོ་བ་ཆེན་པོ་ཅན་དག་ཀྱང་འགག་སོང་་་

  3. གཞུང་པ་ཚེ་དབང་བསོད་ནམས་ཡ

    དུས་རབས་ཉེར་གཅིག་མི་རྣམས་གདོན་གྱི་བསླུས་།
    རང་མིང་གྲགས་པའི་ལས་འགུལ་གྲངས་མང་འོག་།
    མི་མེད་རང་མེད་བཟོ་བའི་ལས་ངན་འདི་།
    བྱང་ཆུབ་སེམས་པས་སྤྱན་འོག་ཚུད་པ་ཤོག་།