གཞིས་ཆཊ་ཁག་ཏུ་༧པཎ་ཆེན་རིན་པོ་ཆེའི་སྐོར་ལ་གོ་རྟོགས་སྤེལ་བཞིན་འདུག

ཆབ་སྲིད་བཙོན་ཟུར་གྲྭ་བག་གྲོ་ལགས་ཀྱིས་རྒྱ་གར་ལྷོ་ཕྱོགས་ཀྱི་བོད་མིའི་གཞིས་ཆགས་ཁག་ནང་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་སྐོར་ལ་གོ་རྟོགས་སྤེལ་བའི་སྐོར་སྐྱོད་གནང་བཞིན་འདུག

ཉེ་ཆར་ཕྱི་ཟླ་ ༩ པའི་ཟླ་དཀྱིལ་ཙམ་ནས་བཟུང་སྟེ། བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲྭ་བག་གྲོ་ལགས་ཀྱིས་མ་སྐུལ་དང་བླངས་ཐོག་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཁག་ནང་མི་མང་དང་སློབ་ཕྲུག དེ་བཞིན་དེར་ཡོད་གྲ་བཙུན་རྣམས་ལ་༧ཀུན་གཟིགས་པན་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་དང་། ཡང་སྲིད་པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐོར་གོ་རྟོགས་སྤེལ་བའི་གཏམ་བཤད་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་ལྟར། ཁ་སང་ཕྱི ཚེས་༢ ཉིན་གདན་ས་བཀྲིས་ལྷུན་པོར་གཏམ་བཤད་གནང་ཏེ་མཇུག་སྒྲིལ་གནང་ཡོད་པ་དང་བསྟུན། བཀྲིས་ལྷུན་པོའི་དགོན་པའི་ངོས་ནས་ཁོང་ལ་ཆེ་བསྟོད་གཟེངས་རྟགས་དང་ཐུགས་རྗེ་ལེགས་གསོལ་གྱི་ཕྱག་བྲིས་ཤིག་ཀྱང་གནང་སོང་བ་དང་།  དེ་བཞིན་རྣམ་གྲོལ་གླིང་ནས་ཀྱང་ཁོང་ལ་དྲན་རྟེན་གཟེངས་བསྟོད་ཅིག་གནང་འདུག

གཏམ་བཤད་སྐབས་ཁོང་གིས་༧རྒྱལ་བ་རིན་པོ་ཆེ་དང་༧པན་ཆེན་རིན་པོ་ཆེའི་དབར་ཡང་སྲིད་ངོས་འཛིན་གནང་རེས་ཀྱི་མཚོན་པའི་འབྲེལ་བའི་སྐོར་དང་། ༧པན་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གི་བོད་རྒྱལལ་ཁབ་མི་རིགས་དང་རིག་གཞུང་སྐད་ཡིག་བཅས་ཀྱི་ཆེད་སྐུ་ངལ་ཇི་ལྟར་སྐྱོན་ཚུལ། མཐར་ཁོང་གི་སྐུ་སྲོག་ཡན་ཆད་རྒྱ་ནག་གི་ལག་ཏུ་ཤོར་བའི་གནད་དོན་དང་། དེ་བཞིན་བོད་ནང་གི་ཆབ་སྲིད་བཙོན་པའི་གནས་སྟངས་དང་ལྷག་པར་དུ་ཁོང་རང་ཉིད་ཀྱང་དེ་སྔོན་ཞི་རྒོལ་ནང་མཉམ་ཞུགས་བྱས་རྐྱེན་རྒྱ་གཞུང་གིས་འཛིན་བཟུང་བཙོན་འཇུག་ཁྲིམས་ཐག་བཅད་པ་མ་ཟད། མཐར་སྲོག་ཁྲིམས་བཅད་ཀྱང་༸ ཀུན་གཟིགས་༸ པན་ཆེན་བཅུ་པ་ཆེན་པོ་མཆོག་གི་བཀའ་དྲིན་ལ་བརྟེན་ནས་རང་སྲོག་ཐར་བ་སོགས་ངོ་སྤྲོད་གནང་སོང་བ་མ་ཟད། ཆབ་སྲིད་ཀྱི་དགོས་མཁོའི་ཆེད་རྒྱ་གཞུང་གིས་༧པན་ཆེན་ཡང་སྲིད་རྫུན་མ་ངོས་འཛིན་བྱས་ཤིང་། ༧གོང་ས་མཆོག་ནས་ངོས་འཛིན་གནང་བའི་པན་ཆེན་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཡབ་ཡུམ་སྐུ་འཁོར་དང་བཅས་འཛིན་བཟུང་བྱས་ཏེ། སྐུ་འཚོ་བཞུགས་ཡིན་མིན་གྱི་གནས་སྟངས་ཙམ་ཡང་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་པ་སོགས་ངོ་སྤྲོད་དང་འབྲེལ། ཚོགས་ཞུགས་པ་རྣམས་ཀྱི་དྲི་བར་ལན་འདེབས་གནང་སོང་།

སྐུ་ཞབས་བག་གྲོ་ལགས་སུ་གཏམ་བཤད་ལས་འགུལ་ཀྱི་དགོས་དམིགས་གང་ཡིན་དྲིས་པར་ཁོང་གིས། འདི་ནི་སྔར་ལོའི་ཕྱི་ཟླ་ ༤ པ་ནས་འགོ་འཛུགས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་ཕྱི་རྒྱལ་གཞུང་ཚབ་ཁག་ལྔ་བཅུ་ཙམ་གྱི་ནང་། ༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་དང་བོད་དོན་སྐོར་ཞུ་གཏུགས་བྱས་ཤིང་སྐབས་དེར་ཕྱི་རྒྱལ་མི་རིགས་དང་རྒྱ་གར་མི་མང་ནང་༧པཎ་ཆེན་རིན་པོ་ཆེའི་སྐོར་གོ་རྟོགས་ཧ་ཅང་ཞན་པོ་ཡོད་པ་མཐོང་རྗེས་བློ་ཕམ་ཆེན་པོ་བྱུང་བར་བརྟེན། ཕྱིས་སུ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་བདེ་སྲུང་ལས་ཁུང་བཅས་ལ་གནད་དོན་དེ་སྙན་གསན་ཞུས་པ་དང་སྦྲགས། ད་རེས་བོད་མིའི་ས་གནས་ཁག་ནང་༸པཎ་ཆེན་རིན་པོ་ཆེའི་སྐོར་གོ་རྟོགས་སྤེལ་བ་བརྒྱུད་རིམ་པས་རྒྱ་གར་མང་ཚོགས་དང་ཕྱི་རྒྱལ་མི་རིགས་ལ་གསལ་བཤད་ཡོང་རྒྱུའི་དམིགས་ཡུལ་བཅངས་ཡོད་སྐོར་བརྗོད་བྱུང་ལ། གཏམ་བཤད་སྐབས་བོད་མི་ཚོར་གནས་ཚུལ་ཁྱབ་ཐབས་དགོས་པའི་རེ་སྐུལ་ཡང་གནང་སོང་།

ཡང་ཁོང་གིས། ལྷོ་ཕྱོགས་གཞིས་ཆགས་ཁག་ནང་པན་ཆེན་རིན་པོ་ཆེའི་སྐོར་ལ་ངོ་སྤྲོད་གཏམ་བཤད་གནང་བ་ཐེངས་དང་པོ་ཆགས་ཡོད་པ་དང་། དེ་སྔོན་བཞུགས་སྒར་དྷ་རམ་ས་ལའི་བོད་ཁྱིམ་སློབ་གྲྭ་ནས་དབུ་འཛུགས་ཀྱིས། རྒྱ་གར་བྱང་ཕྱོགས་ས་ཁུལ་གྱི་བོད་མི་འདུས་སྡོད་ས་གནས་ཁག་༣༠ ལྷག་ནང་སྐོར་སྐྱོད་གཏམ་བཤད་གནང་ཏེ། ད་བར་དུས་ཡུན་ཟླ་བ་གཉིས་ལ་ཉེ་བ་འགྲོ་བཞིན་ཡོོད་པ་དང་། མུ་མཐུད་ལྷོ་ཕྱོགས་ཧོན་སུར་རབས་རྒྱས་གླིང་དང་ཀོ་ལི་གྷལ། མོན་གྷོ་འདོད་རྒུ་གླིང་བཅས་ལྷོ་ཕྱོགས་གཞིས་ཆགས་གཞན་ཁག་ནང་ཕྱོགས་སྐྱོད་ཀྱིས་གཏམ་བཤད་གནང་རྒྱུ་དང་། ་དེའི་རྗེས་ལ་དྭགས་ཁུལ་གྱི་བོོད་མིའི་གཞིས་ཆགས་ནང་སྐོར་སྐྱོད་གནང་རྒྱུ་ཡིན་སྐོར་བརྗོད་བྱུང་།

ལྷོ་ཕྱོགས་གསར་འགོད་པ། དོན་གྲུབ་བཀྲ་ཤིས།

བསྐྱར་བཅོས།: ༢༠༡༧/༡༠/༠༣

Leave a Reply

3 thoughts on “གཞིས་ཆཊ་ཁག་ཏུ་༧པཎ་ཆེན་རིན་པོ་ཆེའི་སྐོར་ལ་གོ་རྟོགས་སྤེལ་བཞིན་འདུག

  1. སྤྱིར་བོད་ནང་གི་ཆབ་སྲིད་གནས་སྟངས་ཡིན་ནའང་རེད། ཆབ་སྲིད་བཙོན་པའི་གནས་སྟངས་ཡིན་ནའང་འདྲ། བོད་ནང་གི་ཆོས་དད་རང་དབང་སོགས་གནད་དོན་གང་གི་ཐོག་ལ་ཆབ་སྲིད་བཙོན་ཟུར་དང་ལས་འགུལ་བ་སུས་འགྲེལ་བརྗོད་དང་ངོ་སྤྲོད་བྱེད་ཀྱང་རྗེས་སུ་ཡི་རང་ཞུ་དགོས་པ་ལས་མ་འདས་ཀྱང་། གྲྭ་བག་བྲོ་ཡང་ཐོག་མར་བོད་ནས་སླེབས་པའི་དུས་ཡུན་རིང་པོར་མ་སོང་ཙམ་ནས་བོད་ནང་གི་ཆབ་སྲིད་ཀྱི་གནས་སྟངས་ངོ་སྤྲོད་བྱེད་པའི་ལས་འགུལ་ཚ་ཚ་འུར་འུར་གྱིས་བརྩམས་གནང་སྐབས། གུས་རང་ལའང་ངོ་མ་ཁོང་གིས་གསུངས་པའི་ལོ་རྒྱུས་ཁག་ལ་ཡིད་མོས་དང་རྒྱལ་ཞེན་གྱི་ཚོར་བ་རྣོན་པོ་ཞིག་བྱུང་མྱོང་ཡོད་ལ། དེ་ནས་ཁོང་གི་གཏམ་བཤད་གཅིག་རྗེས་གཉིས་མཐུད་དུ་ཉན་སྐབས་གནས་ཚུལ་ཟློས་སྐྱོར་དང་སོ་སོས་བྱས་གཞག་དང་སོ་སོར་སྡུག་སྦྱོང་མྱོང་རབ་རྐྱང་རྐྱང་བཤད་བསྡད་པའི་སེམས་ཚོར་ཞིག་བྱུང་། གང་ལྟར་ད་ལྟའི་པཎ་ཆེན་རིན་པོ་ཆེ་མཆོག་གི་སྐོར་ངོ་སྤྲོད་ལས་འགུལ་དེ་ཡང་ངས་ནམ་ཡང་མ་སྐུལ་དང་བླངས་ཞེས་ཞུ་མི་ཐུབ་ལ། གཏམ་སྙན་གྲགས་ཀྱིས་ཀུན་ནས་བསླངས་པ་ཞིག་ལ་ངོས་འཛིན་ཞུའོ། གུས་པའི་མཆན་ལྟ་ཀློག་བྱེད་མཁན་མང་པོ་ཞིག་ལ་ངའི་མཆན་བུ་འདི་བློ་ལ་འཐད་པ་ཡོང་མིན་མི་ཤེས་ཀྱང་། ཁྱེད་ཚོས་ཞིབ་འཇུག་དང་དོ་སྣང་ཞིག་བྱོས་དང་། བོད་ནང་གི་ཆབ་སྲིད་གནས་སྟངས་ངོ་སྤྲོད་བྱེད་མཁན་ཆབ་སྲིད་བཙོན་ཟུར་གཞན་ཞིག་སླེབས་ན་ཁོས་དེ་ལ་སྡང་ཟུག་དང་། ཧ་ལམ་བོད་ནང་གི་ཆབ་སྲིད་གནས་སྟངས་ངོ་སྤྲོད་བྱེད་ས་ཚང་མར་ཁོ་རང་ལས་གཞན་གདན་ཞུ་མི་ཆོག་པའི་རྣམ་འགྱུར་མངོན་བཞིན་ཡོད། ངས་འབོད་སྐུལ་ནི་བོད་ནང་གི་ཆབ་སྲིད་དང་ཆབ་སྲིད་བཙོན་པའི་གནས་སྟངས་སྐོར་ངོ་སྤྲོད་བྱེད་སྐབས། ངོ་སྤྲོད་བྱེད་མཁན་དེ་ཆོལ་ཁ་གསུམ་གང་གི་ཁོངས་སུ་གཏོགས་ཀྱང་ཁོང་ཚོའི་ཁ་ནས་ཐོན་པའི་འབོད་ཚིག་དེ་དག་བོད་ནང་གི་ཆབ་སྲིད་བཙོན་པའམ་ལས་འགུལ་བ་ཚོའི་སེམས་ཚོར་དང་མཐུན་པ་ཞིག་གནང་རོགས་ཞུ། ཀུན་སློང་རྣམ་དག་ཅིག་ཡིན་ན་ཆོལ་གསུམ་གང་ཡིན་ཡང་མཐའ་གཅིག་ཏུ་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཞུ་རྒྱུ་ཡིན་ནོ།

  2. ༄༅། གར་བག་བྲོ་ལགས་ནས་པན་ཆེན་རིན་པོ་ཆེའི་སྐོར་ལ་གཏམ་བཤད་གནང་བ་དེ་ལ་
    བཀྲིས་བདེ་ལེགས་ཡོད།
    བཀྲིས་ལྷུན་པོའི་གྲ་ཚང་ནས་ག་རེ་གནང་གི་ཡོད་པ་རེད། ལོ་ག་ཚོད་ཕྱིན་སོང།
    ག་དུས་ཡིན་ཡང་སོ་སོ་བསྡད་སའི་གཞིས་ཆགས་ནང་ལ་གཏམ་བཤད་འདྲ་གནང་ཞལ་འདོན་འདྲ་རྐྱང་རྒྱང་འདོན་
    ནས་བསྡད་ན་ནམ་ཡང་མ་འགྲིགས་པ་རེད། དུས་ཚོད་འཕྲོ་བརླག་རེད།
    ་་་་་་ཐུགས་རྗེ་གཟིགས་བཀྲིས་ལྷུན་པའི་གྲ་ཚང་ནས་གྲ་པ་བཅུ་བཅོ་ལྔ་ཙམ་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲམ་་་་་་ལ་ཕྱིན་ནས་པན་ཆེན་རིན་པོ་ཆེ་བཙོན་ནས་ངེས་པར་འདོན་དགོས་སྐོར་ངོ་རྒོལ་སྐད་འབོད་རྒྱབ་དགོས་པ་གལ་ཆེ།
    ་་་་་ཞབས་བརྟན་བྱས་ནས་བསྡད་ན་ཕན་ཐོགས་ཡོད་པ་མ་རེད། ད་ལྟ་བར་ཞབས་བརྟན་ག་ཚོད་བྱས་ཀྱང་ཕན་ཐོག་
    ་་་་་་བྱུང་མ་སོང་བ་སེམས་ནང་བཞག་དགོས།

  3. བོད་ཀྱི་དུས་བབ་ལ་ཐུག་ཆེ་ཞུ་་་ཡིན་ན་ཡང་རྗེས་སུ་རྙིང་མའི་གདན་ས་ཆེན་མོ་རྣམ་གྲོལ་གླིང་འབྲི་རོག་ཞུ།