འཛམ་བུ་གླིང་འདིའི་སྒང་གི་མི་འབོར་དུང་ཕྱུར་ ༧༠ ཚང་མ་མི་གཅིག་གྱུར་ཡིན་པའི་འདུ་ཤེས་འཛིན་རོཊ།

༧གོང་ས་རྒྱལ་བ་རིན་པོ་མཆོག་ནས་དམིགས་བསལ་ཆོས་དང་མ་འབྲེལ་བའི་ཡ་རབས་སྤྱོད་བཟང་དང་བྱམས་སྙིང་རྗེའི་སྐོར་ལ་སློབ་སྦྱོང་བྱས་པ་དང་སེམས་ཀྱི་འཕྲོད་བསྟེན་ལ་སློབ་གཉེར་བྱས་པ་ཡིན་ན། མ་འོངས་ལོ་ངོ་ཉི་ཤུ་སུམ་བཅུ་ཕྱིན་པའི་རྗེས་ཀྱི་མི་རབས་དེའི་བསམ་བློ་ཏོག་ཙམ་མི་འདྲ་བ་ཡོང་གི་རེད་ཅེས་བཀའ་སློབ་གནང་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༨།༣༠ ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཐའེ་ཝན་གཙོས་པའི་འཛམ་གླིང་ཤར་ནུབ་ནས་ཡོང་བའི་ནང་ཆོས་དོན་གཉེར་བ་དང་། དྷ་ས་ཁུལ་གྱི་སེར་སྐྱ་མང་ཚོགས་བཅས་ཁྱོན་དད་ལྡན་མི་མང་ ༥༠༠༠ ལྷག་ལ་ཉིན་གྲངས་བཞིའི་རིང་སློབ་དཔོན་ཟླ་བ་གྲགས་པས་མཛོད་པའི་དབུ་མ་འཇུག་པའི་གསུང་ཆོས་དབུ་འཛུགས་གནང་སོང་བ་དང་། གསུང་ཆོས་དངོས་གཞི་དབུ་འཛུགས་མ་གནང་སྔོན་དུས་རྒྱུན་ལྟར་༧གོང་ས་མཆོག་གིས་ནང་ཆོས་ངོས་སྤྲོད་གནང་སྐབས། ང་ཚོ་མང་པོ་ཞིག་གིས་ནང་པ་ཡིན་ཟེར་གྱི་ཡོད་ཀྱང་། ནང་ཆོས་ཀྱི་འགྲོ་སྟངས་གང་འདྲ་ཡིན་མིན་ཐད་ལ་དོ་སྣང་བྱེད་ཀྱི་མེད་སྟབས། ཆོས་བྱེད་སྟངས་དེ་རྨོངས་དད་ལྟ་བུར་ཆགས་པའི་ཉེན་ཁ་འདུག དེར་བརྟེན་ང་ཚོས་ལམ་དང་ལུགས་སྲོལ་ཁོ་ནའི་ཐོག་ཏུ་མ་ཕྱིན་པར། ཆོས་ལ་བརྟག་དཔྱད་བྱས་ཏེ་རྒྱུ་མཚན་ཤེས་པའི་ཐོག་ནས་དད་པ་ཐོབ་པ་ཞིག་དགོས་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

ང་ཚོས་ཡིད་བློ་ལ་དོ་སྣང་མ་བྱེད་པའི་རྐྱེན་གྱིས་འཛམ་གླིང་འདིའི་སྒང་རྙོག་དྲ་འབྱུང་བཞིན་ཡོད་པའི་སྐོར་ལ་ཁོང་གིས། དེང་སང་གཞི་ནས་ཡིད་བློའི་རྣམ་གཞག་ལ་དོ་སྣང་གསར་པ་ཞིག་བྱེད་མགོ་བཙུགས་འདུག འབྱུང་བ་འཁྲུག་པ་ལས་སྡུག་བསྔལ་མང་པོ་ཞིག་ཡོང་གི་ཡོད་པ་དེ་ཚོ་ང་ཚོས་བྱེད་ཐབས་གང་ཡང་ཡོད་པ་མ་རེད་དེ། མིས་བཟོས་པའི་སྡུག་བསྔལ་མང་པོ་ཡོད་པ་དེ་ཚོ་ང་ཚོས་ཐབས་ཤེས་བྱས་ན་འགོག་ཐུབ་ཀྱི་རེད། མི་ཚང་མ་སྡུག་བསྔལ་མི་འདོད་ཅིང་བདེ་བ་འདོད་པ་ཤ་སྟག་ཡིན་ཡང་། མི་ཡིས་མི་ལ་རྙོག་དྲ་བཟོས་ཏེ་ཐ་ན་ཕན་ཚུན་གསོད་རེས་བྱེད་པའི་གནས་ཚུལ་ཡང་འབྱུང་གི་ཡོད་པ་རེད། འཛམ་གླིང་འདིར་དུས་རབས་ ༢༠ ནང་འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པ། ཀོ་རི་ཡའི་དམག་འཁྲུག ཝེ་ཏི་ནམ་གྱི་དམག་འཁྲུག དེ་བཞིན་རྒྱ་ནག་གི་ནང་འཁྲུག ཨུ་རུ་སུའི་ནང་འཁྲུག་སོགས་ཀྱི་ཁྲོད་མི་ཡིས་མི་ཚད་ལས་བརྒལ་བ་གསོད་རེས་བྱས་པའི་གནས་ཚུལ་བྱུང་ཡོད་པ་རེད། ད་ལྟ་ཡིན་ཡང་ཨ་རིའི་གྲོང་ཁྱེར་ཞིག་གི་ནང་མཚན་མོ་ཟློས་གར་ཁང་ཞིག་ཏུ་གཞས་དང་ཞབས་བྲོ་འཁྲབ་བཞིན་པའི་སྐབས་ལ། ཉེ་འཁོར་གྱི་ཟ་ཁང་ནས་མི་ཞིག་གིས་མེ་མདས་བརྒྱབས་ཏེ་མི་གྲངས་ ༥༠ ཙམ་བསད་པ་དང་། མི་ ༢༠༠ ལྷག་ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་ཧ་ཅང་གི་ཐབས་སྐྱོ་བོ་བྱུང་འདུག དེ་ནི་མི་ཡིས་མི་ལ་བརྩེ་བ་སྤྲད་པ་མ་འདང་བའི་རྐྱེན་གྱིས་ཡོང་གི་ཡོད་པ་རེད། ཡེ་མེན་རྒྱལ་ཁབ་ལྟ་བུར་ཆ་བཞག་ནའང་། དེང་སང་དམག་འཁྲུག་ལ་རྐྱེན་བྱས་ཏེ་ཟ་བཅའ་དང་སྨན་བཅོས་ཀྱི་མཐུན་རྐྱེན་མེད་པར་མ་ཟད། ལྷག་པར་དུ་ཕྲུ་གུ་ཆུང་ཆུང་མང་པོ་ཞིག་དཀའ་ངལ་ཆེན་པོའི་འོག་ཏུ་ཡོད་པའི་པར་རིས་དང་བརྙན་ཐུང་ཁག་མཐོང་རྒྱུ་འདུག དེ་ཚོ་ཚང་མ་ཡིད་བློ་ལ་དོ་སྣང་མ་བྱས་པའི་རྐྱེན་གྱིས་བྱུང་བ་ཡིན་སྐོར་གསུངས་སོང་།

ཡང་འཛམ་གླིང་འདིའི་སྒང་གི་ཆོས་ལུགས་ཚང་མས་བྱམས་བརྩེ་བཤད་ཀྱི་ཡོད་པའི་སྐོར་ལ་ཁོང་གིས། ལོ་ཤས་སྔོན་གྱི་སྙན་ཐོ་ལྟར་ན། དེང་སྐབས་འཛམ་བུ་གླིང་སྒང་ལ་མི་དུང་ཕྱུར་ ༧༠ ཙམ་ཡོད་པའི་ནང་ནས་དུང་ཕྱུར་ ༡༠ ཙམ་ཆོས་དད་མེད་མཁན་དང་མི་མང་དུང་ཕྱུར་ ༦༠ ཙམ་ཆོས་དད་ཡོད་མཁན་གྱི་གྲས་སུ་བརྩི་ཡི་ཡོད་པ་རེད་དེ། མི་མང་ཤོས་ཀྱིས་ཁོ་ཚོ་ཁ་ཆེ་ཆོས་ལུགས་དང་ཡི་ཤུ་ཆོས་ལུགས་ཡིན་ཞེས་བཤད་པ་ཙམ་མ་གཏོགས་ཆོས་ཀྱི་གནས་ཚད་ངོ་མར་དོ་སྣང་བྱེད་ཀྱི་མི་འདུག གལ་ཏེ་ཆོས་ཀྱི་གནས་ཚད་ངོ་མར་དོ་སྣང་ཡོད་ན། ཆོས་ལུགས་ཀྱི་འཁྲུག་རྩོད་ཡོང་གི་མ་རེད། ཆོས་ལུགས་ཚང་མའི་ནང་བྱམས་བརྩེ་དང་ཆོག་ཤེས་སོགས་གསུང་གི་འདུག སོ་སོའི་ཆོས་ལུགས་ནང་བཤད་པ་དེ་ཁ་ཡོད་ལག་ཡོད་ཀྱིས་ལག་བསྟར་བྱས་པ་ཡིན་ན། ཆོས་ལུགས་ཀྱི་འཁྲུག་རྩོད་ཡོང་གི་མ་རེད། དེར་བརྟེན་ང་ཚོས་ཆོས་དད་ཡོད་མེད་ལ་མ་བལྟས་པར་མི་གཅིག་མཚུངས་ཡིན་པའི་ཐོག་ནས་སློབ་གསོ་སྤྲད་དེ་ག་ལེར་མིའི་བསམ་བློར་འགྱུར་བ་གཏོང་དགོས་པ་རེད། སེམས་པ་བཟང་པོ་བྱེད་རྒྱུ་དེ་མི་གཅིག་གྱུར་གྱི་འདུ་ཤེས་ཀྱི་ཐོག་ནས་སེམས་པ་བཟང་པོ་བྱེད་དགོས་པ་དང་། མི་དང་དུད་འགྲོ། སྲོག་ཆགས་ཚུན་ཆད་ལ་ངེས་པར་དུ་བརྩེ་བའི་བློ་སྐྱེས་དགོས་ཀྱི་ཡོད། འཛམ་བུ་གླིང་འདིའི་སྒང་གི་མི་འབོར་དུང་ཕྱུར་ ༧༠ ཚང་མ་མི་གཅིག་གྱུར་ཡིན་པའི་འདུ་ཤེས་སྐྱེས་པའི་ཐོག་ནས་བྱམས་བརྩེ་སྤེལ་རྒྱུ་དེ་ང་ཚོ་མིས་བྱེད་ཐུབ་པ་ཅིག་རེད། དེ་མིན་ལོ་གཅིག་གཉིས་ནང་འགྱུར་བ་འགྲོ་རྒྱུ་ཁག་པོ་རེད། དམིགས་བསལ་ཆོས་དང་མ་འབྲེལ་བའི་ཡ་རབས་སྤྱོད་བཟང་དང་བྱམས་པ་སྙིང་རྗེའི་སྐོར་ལ་སློབ་སྦྱོང་བྱས་པ་དང་སེམས་ཀྱི་འཕྲོད་བསྟེན་ལ་སློབ་གཉེར་བྱས་པ་ཡིན་ན། མ་འོངས་ལོ་ངོ་ཉི་ཤུ་སུམ་བཅུ་ཕྱིན་པའི་རྗེས་ཀྱི་མི་རབས་དེའི་བསམ་བློ་ཏོག་ཙམ་མི་འདྲ་བ་ཡོང་གི་རེད་བསམ་གྱི་འདུག ཅེས་གསུངས་སོང་།

ཡང་ཁོང་གིས། ངོས་རང་མི་ཞིག་ཡིན་པའི་ཆ་ནས། འཛམ་གླིང་འདིའི་སྒང་ལ་མི་དུང་ཕྱུར་ ༧༠ ཡོད་པ་ཚང་མ་བྱམས་བརྩེ་ལྡན་པའི་མི་རབས་ཤིག་ཆགས་ཐུབ་ན་བསམ་གྱི་ཡོད་ལ། དེའི་ནང་ནས་ཀྱང་ནང་པ་ཞིག་ཡིན་པའི་ངོས་ནས་སེམས་ཅན་ཐམས་ཅད་ལ་སྨོན་ལམ་འདེབས་ཀྱི་ཡོད། སྨོན་ལམ་དེ་ཚིག་ཙམ་མ་ཡིན་པར་དངོས་གནས་ཁ་ཡོད་ལག་ཡོད་ཀྱིས་བསམ་བློ་གཏང་བ་ཡིན་ན། གཞན་ལ་གནོད་པའི་བསམ་སྦྱོར་དེ་འདྲ་ཡོང་གི་མ་རེད། དེ་མིན་མི་ཉམ་ཐག་ཅིག་མཐོང་བ་ཡིན་ནའང་། གང་དྲག་བསམ་ནས་སེམས་སྐྱོ་བ་དང་མིག་ཆུ་གཏོང་རྒྱུ་མ་གཏོགས་བྱ་ཐབས་གང་ཡང་ཡོད་པ་མ་རེད། ཡིན་ནའང་ག་ལེར་ཐབས་ཤེས་བྱས་ན་བཅོས་ཐབས་ཡོད་པ་རེད། དེ་ཡང་དེང་དུས་ཤེས་ཡོན་གྱི་ཐོག་ནས་ཡོང་ཐུབ་ན་བསམ་གྱི་ཡོད། དེ་ལྟར་ཡོང་བ་ཡིན་ན། འཛམ་གླིང་སྒང་འདིར་ཞི་བདེ་ཡོང་གི་རེད། དུས་རབས་ ༢༡ པ་འདི་ཞི་བདེའི་དུས་རབས་ཤིག་བཟོ་ཐུབ་རྒྱུ་དང་། མི་ཡིས་མི་ལ་བརྩེ་བ་སྤྲོད་པ་དང་མི་ཡིས་མི་ལ་གཅིག་གྱུར་གྱི་འདུ་ཤེས་ཡོད་པ་ཡིན་ན། ང་ཚོར་ནང་ཚགས་ཀྱི་དཀའ་ངལ་ག་རེ་འཕྲད་ཀྱང་། མིའི་བརྩེ་བ་དང་གཅིག་གྱུར་གྱི་འདུ་ཤེས་དེའི་ཐོག་ནས་དཀའ་ངལ་སེལ་བར་བསམ་བློ་གཏོང་གི་རེད། དེ་རིང་འདིར་སྡོད་པའི་ཁྱེད་རང་ཚོ་ཆོས་གྲོགས་ཚང་མ་ངོས་ཀྱི་གྲོགས་པོ་ཆགས་ཡོད་དུས། ང་ཚོ་ཚང་མ་མི་ཡིན་པའི་ཆ་ནས། ཕན་ཚུན་གྲོགས་པོའི་འདུ་ཤེས་ལ་བསམ་བློ་གཏོང་རོགས། དེ་ནས་ངོས་རང་ནང་པའི་ཆོས་པ་ཞིག་རེད། ནང་པའི་ཆོས་པ་ཞིག་གི་ངོས་ནས་ངོས་རང་རྒྱ་གར་ནང་ལོ་ངོ་ ༥༨ རིང་བཙན་བྱོལ་བྱས་ནས་བསྡད་པ་ཡིན། དེའི་རིང་ལ་མི་འབོར་དུང་ཕྱུར་ ༡༠ ལྷག་སྡོད་པའི་རྒྱ་གར་ནང་འཛམ་གླིང་གི་ཆོས་ལུགས་ཁག་མི་འདྲ་བ་མང་པོ་ཡོད་པ་དང་། ཆབ་སྲིད་ལ་བརྟེན་ནས་ཆོས་ལུགས་ཕན་ཚུན་བར་རྙོག་དྲ་ཕྲན་བུ་འབྱུང་གི་ཡོད་ཀྱང་། སྤྱི་ཡོངས་ཀྱི་ཆ་ནས་ཆོས་ལུགས་མཐུན་སྒྲིལ་ཞེ་དྲགས་ཡག་པོ་འདུག འཛམ་གླིང་སྒང་འདིར་མི་འབོར་མང་ཤོས་ཆགས་ཡོད་པའི་རྒྱ་གར་ནང་ལོ་ངོ་སྟོང་ཕྲག་ལྷག་རིང་ཆོས་ལུགས་མི་འདྲ་བ་མང་པོ་འདི་ལྟར་གནས་ཐུབ་པ་བྱུང་ཡོད་དུས། འཛམ་གླིང་རྒྱལ་ཁབ་གཞན་དག་ནང་དུའང་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་ཡོང་ཐུབ་པ་ཞིག་དང་ཡོང་སྲིད་པ་ཞིག་རེད། སྤྱིར་བཏང་མི་དང་མིའི་བར་སྐབས་རེར་འཁྲུག་པ་རྒྱག་པ་དང་རླུང་ལངས་ཀྱི་རེད་དེ། རླུང་ལངས་ས་དེ་ངོ་ཤེས་གྲོགས་པོའི་གྲས་ནས་ཡོང་གི་ཡོད་པ་མ་གཏོགས་ངོ་མི་ཤེས་པའི་ཁྲོད་དུ་ཡོང་གི་མ་རེད། དེར་བརྟེན་དཀའ་རྙོག་ཕྲན་བུར་འཕྲད་ཀྱང་བསམ་བློ་གུ་ཡངས་པོ་དང་རྒྱ་ཆེ་ས་ནས་བསམ་བློ་བཏང་སྟེ་ཀུན་དང་མཐུན་པོ་བྱེད་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

བར་གསེང་གི་དྲི་བ་དྲིས་ལན་སྐབས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ནང་ཆོས་འགྲེལ་བཤད་རྒྱག་སྐབས་ནུབ་ཕྱོགས་པའི་མིས་ཞེ་དྲགས་གཟབ་གཟབ་ཀྱིས་ཉན་ཏེ་ཟིན་ཐོར་འགོད་ཀྱི་འདུག ཨེ་ཤ་ཡའི་ནང་པ་ཚོར་ནང་ཆོས་འགྲེལ་བཤད་རྒྱག་སྐབས་དོ་སྣང་དེ་ཙམ་མི་བྱེད་པར་བྱིན་རླབས་གནང་སྐབས་དོ་སྣང་བྱེད་ཀྱི་འདུག དེ་ང་ཚོའི་སྤྱི་ཚོགས་ནང་ནང་ཆོས་ཟེར་དུས་ཆོས་ལུགས་གཞན་པ་ནང་བཞིན་དད་པ་བྱས་ན་འགྲིག་གི་རེད་བསམ་པའི་བཟོ་འདྲ་བོ་འདུག ནང་ཆོས་ཟེར་བ་དེ་སེམས་ལ་སྒྱུར་བཅོས་གཏོང་དགོས་ཀྱི་ཡོད་དུས། དད་པ་གཅིག་པུས་མི་ཡོང་བར་སེམས་འདུལ་ཐབས་ལ་སློབ་སྦྱོང་བྱེད་དགོས་ཀྱི་ཡོད། སེམས་ལ་འགྱུར་བ་གཏོང་རྒྱུ་དེ་ཉམས་ལེན་བྱས་ཏེ་མྱོང་བ་ཐོབ་པའི་སྒོ་ནས་འགྱུར་བ་གཏོང་རྒྱུ་དེ་རེད། སེམས་ལ་འགྱུར་བ་ཐེབས་རྒྱུ་དེ་ཀུན་འབྱུང་གི་ཐོག་ནས་ཡོང་དགོས་པ་དང་། དེ་ཡོང་བ་ལ་བསམ་བྱུང་གི་ངེས་པ་རྙེད་དགོས་པ་དང་། དེ་ཡོང་བ་ལ་ཐོས་བྱུང་གི་ཐབས་དགོས་ཀྱི་ཡོད་སྐོར་གསུངས་སོང་།

ཡང་ཁོང་གིས་ཕྱི་ལོ་ ༢༠༡༡ ནས་ངོས་ཀྱིས་ཆབ་སྲིད་ཀྱི་རྒན་ཡོལ་ཆ་ཚང་ཞུས་ཡིན། ངོས་རང་བོད་པ་ཞིག་ཡིན་པའི་ངོས་ནས། ད་ཆར་བོད་ཀྱི་ཆོས་དང་རིག་གཞུང་གི་ཐོག་ནས་མ་འོངས་པར་ཕན་ཐོགས་པར་འབད་བརྩོན་བྱེད་ཀྱི་ཡོད། དེ་ནས་བོད་ཀྱི་རང་བྱུང་ཁོར་ཡུག་དེ་དམིགས་བསལ་ཛ་དྲག་གི་གནས་སྟངས་ཤིག་ཆགས་ཡོད་དུས། དེ་ལའང་དོ་སྣང་བྱེད་ཀྱི་ཡོད། ཁྱེད་རང་ཚོ་ངོས་ཀྱི་གྲོགས་པོ་ཡིན་སྟབས། བོད་ཀྱི་རང་བྱུང་ཁོར་ཡུག་དང་ཆོས་དང་རིག་གཞུང་ལ་དོ་སྣང་གནང་རོགས་ཞུ་རྒྱུ་ཡིན། བོད་གངས་ཅན་ལ་ཡོད་བསྡད་པའི་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་ཟེར་བ་དེ་ཕལ་ཆེར་བོད་པ་གཅིག་པུ་མིན་པར་འཛམ་གླིང་སྤྱིའི་ནང་པ་ཚོར་ཞབས་འདེགས་བསྒྲུབ་ཐུབ་པའི་ཆ་རྐྱེན་ཡོད་པའི་བཟོ་འདྲ་བོ་འདུག དེའི་ནང་ནས་སེམས་ཁམས་རིག་པ་དང་ཚད་མ་རིག་པ་སོགས་འཛམ་གླིང་སྤྱིའི་ཤེས་ཡོན་གྱི་སྡེ་ཚན་ནང་ཕན་ཐོགས་པ་དང་ཞབས་འདེབས་བསྒྲུབ་ཐུབ་པའི་ཆ་རྐྱེན་ཡོད་པའི་བཟོ་འདྲ་བོ་འདུག དེར་བརྟེན་ངོས་ཀྱིས་རྒྱ་གར་ནང་ནང་པའི་གཞུང་དེ་ཚོ་སྐད་ཡིག་གཞན་གྱི་ཐོག་ནས་འགྲེལ་བཤད་བརྒྱབ་ནས་འགྲོ་སྡོད་ཀྱི་ཡོད། ཅེས་གསུངས་སོང་།

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༡༠/༠༣

Leave a Reply

One thought on “འཛམ་བུ་གླིང་འདིའི་སྒང་གི་མི་འབོར་དུང་ཕྱུར་ ༧༠ ཚང་མ་མི་གཅིག་གྱུར་ཡིན་པའི་འདུ་ཤེས་འཛིན་རོཊ།

  1. གསར་འགོད་པ་པདྨ་རྒྱལ་ལགས། སེམས་ལ་འགྱུར་བ་ཐེབས་པ་དེ་ཀུན་འབྱུང་གི་ཐོག་ནས་ཡོང་དགོས་པ་དང་། ཀུན་འབྱུང་ཟེར་བ་དེ་ནོར་འདུག སྒོམ་བྱུང་ཟེར་དགོས་པ་རེད་ སྐབས་འདིར་ཐོས་བསམ་སྒོམ་གསུམ་གྱི་ཐོག་ནས་སེམས་ལ་འགྱུར་བ་འགྲོ་ཚུལ་གསུང་གི་ཡོད་པ་རེད།