ལྕམ་ཨང་སན་སུའུ་སྐྱིད་ཀྱི་རང་དབང་གཟེང་རྟགས་ཕྱིར་བསྡུ་རྒྱུ་རེད། 

རཱོ་ཧིན་གྷ་ཡ་ཁ་ཆེ་གྲངས་ཉུང་མི་རིགས་དང་འབྲེལ་ཏེ་རྒྱལ་སྤྱིའི་སྟེང་ལྕམ་ཨང་སན་སུའུ་སྐྱིད་ཀྱི་མཚན་སྙན་བརླག་བཞིན་ཡོད་པ་ཙམ་མ་ཟད། དེ་སྔོན་མོ་ལ་ཐོབ་པའི་གཟེང་རྟགས་དང་ཆེ་བསྟོད་ངོས་འཛིན་ལག་ཁྱེར་སོགས་མང་པོ་ཞིག་ཕྱིར་བསྡུ་རྩིས་ཡོད་འདུག

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།  ཕྱི་ལོ་ ༡༩༩༧ ལོར་དབྱིན་ཇིའི་དབུས་ལྷོད་རྒྱུད་ཀྱི་གྲོང་ཁྱེར་ཨོ་ཁུ་སི་ཧྥོ་ཌིས་ཨོ་ཁུ་ཧྥོ་ཌོ་རང་དབང་གཟེང་རྟགས(Oxford Freedom Award)ཞེས་པ་ཞིག་ལྕམ་ཨང་སན་སུའུ་སྐྱིད་ལགས་ལ་ཕུལ་ཡོད་པ་དང་། ལྕམ་སུའུ་སྐྱིད་ལགས་ཀྱིས་ལོ་མང་རིང་དམངས་གཙོའི་ཆེད་དུ་དཀའ་ངལ་ལ་གདོང་གཏད་ཀྱིས་འཐབ་རྩོད་བྱས་པར་ཆེད་བསྟོད་ཕུལ་ཡོད་ཀྱང་།  ཉེ་ཆར་ལྕམ་ཨང་སན་སུའུ་སྐྱིད་ཀྱིས་འབར་མའི་ནང་གི་རཱོ་ཧིན་གྷ་ཡ་ཁ་ཆེ་གྲངས་ཉུང་མི་རིགས་ཀྱི་གནས་ཚུལ་ཐད་ལན་འདེབས་བྱས་པའི་གནད་དོན་དང་འབྲེལ་ཏེ།  ཁ་སང་ཨོ་ཁུ་སི་ཧྥོ་ཌི་གྲོང་ཁྱེར་སྤྱི་ཁྱབ་ལྷན་ཁང་གིས་ལྕམ་ཨང་སན་སུའུ་སྐྱིད་ལགས་ཀྱི་རང་དབང་གཟེང་རྟགས་དེ་ཕྱིར་བསྡུ་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་ཡོད་པ་རེད།

ཨོ་ཁུ་སི་ཧྥོ་ཌི་གྲོང་ཁྱེར་སྤྱི་ཁྱབ་ལྷན་ཁང་གིས་བསྒྲགས་ཡིག་དེའི་ནང་དུ། ལྕམ་ཨང་སན་སུའུ་སྐྱིད་ཀྱིས་ཨོ་ཁུ་སི་ཧྥོ་ཌི་རང་དབང་གཟེང་རྟགས་དེ་མུ་མཐུད་བཟུང་ན་འཚམ་པོ་མི་འདུག  ཅེས་བརྗོད་ཡོད་པ་དང་། བདུན་ཕྲག་སྔོན་མའི་ནང་ཨོ་ཁུ་སི་ཧྥོ་ཌིའི་སི་ཊི་ཧོག་(St Hugh)མཐོ་སློབ་ཀྱི་གྱང་ངོས་སུ་འགྲེམས་སྤེལ་བྱས་ཡོད་པའི་ལྕམ་ཨང་སན་སུའུ་སྐྱིད་ཀྱི་འདྲ་པར་ཞིག་ཀྱང་མར་ཕབ་ཡོད་པ་དང་།  ལྕམ་ཨང་སན་སུའུ་སྐྱིད་ཀྱིས་འབར་མ་དྲག་དམག་སྲིད་གཞུང་གི་སྒེར་འཛིན་ལམ་ལུགས་འོག་སྟངས་འཛིན་བྱས་ཡོད་སྐབས། འབར་མའི་ནང་དམངས་གཙོ་ཡོང་ཕྱིར་ངོ་རྒོལ་གྱི་ལས་འགུལ་སྤེལ་པར་བརྟེན། འབར་མ་དྲག་དམག་སྲིད་གཞུང་གིས་ལྕམ་ཨང་སན་སུའུ་སྐྱིད་ལོ་མང་རིང་བཙོན་འཇུག་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༥ ལོར་མོའི་རྒྱལ་ཡོངས་དམངས་གཙོ་ཚོགས་པར་སྲིད་དབང་མ་ཐོབ་བར་དུ་ལྕམ་ཨང་སན་སུའུ་སྐྱིད་ནི་རྒྱལ་སྤྱིའི་སྟེང་རྒྱུས་ཡོད་ཀྱི་རང་དབང་འཐབ་རྩོད་པ་ཞིག་ཆགས་ཡོད་པ་རེད། འོན་ཀྱང་། ཉེ་ཆར་ལྕམ་ཨང་སན་སུའུ་སྐྱིད་ཀྱིས་འབར་མའི་རཱོ་ཧིན་གྷ་ཡ་ཁ་ཆེ་གྲངས་ཉུང་མི་རིགས་ལ་གཉའ་གནོན་བྱེད་ཀྱི་མེད་སྐོར་བརྗོད་པ་དེར་རྒྱལ་སྤྱིའི་མགོ་ཁྲིད་མང་པོས་ཨང་སན་སུའུ་སྐྱིད་ལ་སྐྱོན་བརྗོད་བསྟུད་མར་བྱས་ཡོད།

བྷི་བྷི་སིའི་རྒྱལ་སྤྱིའི་བདེ་དོན་རྩོམ་སྒྲིག་པ་སྐུ་ཞབས་ཇཱོ་ཧན་སཱིམ་ཟན་(John Simpson)ལགས་ཀྱིས། ད་ལྟ་རྒྱལ་སྤྱིའི་ཚོགས་སྡེ་ཁག་མང་པོ་ཞིག་གིས་དེ་སྔོན་ལྕམ་ཨང་སན་སུའུ་སྐྱིད་ལ་ཕུལ་བའི་གཟེངས་རྟགས་ཕྱིར་བསྡུ་རྒྱུར་གྲ་སྒྲིག་བྱེད་བཞིན་འདུག  ཅེས་བརྗོད་ཡོད་པ་དང་།  ཨོ་ཁུ་སི་ཧྥོ་ཌི་གྲོང་ཁྱེར་གྱི་སྤྱི་ཁྱབ་འགན་འཛིན་བྷོ་བྷི་ཕི་ར་སི་(Bob Price)ལགས་ཀྱིས། མི་མང་པོ་ཞིག་འབར་མའི་ནང་གི་རཱོ་ཧིན་གྷ་ཡའི་ཐོག་དྲག་གནོད་བྱེད་བཞིན་ཡོད་པར་ཧང་སང་བསྡད་ཡོད་ཀྱང་། ལྕམ་ཨང་སན་སུའུ་སྐྱིད་ཀྱིས་འབར་མའི་ནང་དྲག་གནོན་བྱེད་བཞིན་ཡོད་སྐོར་ལ་སྐད་ཆ་མ་བཤད་པར་དེ་བས་ཀྱང་ཧང་སོང་།  ཞེས་བརྗོད་ཡོད་པ་རེད།

ལྕམ་ཨང་སན་སུའུ་སྐྱིད་ཀྱིས་ཕྱི་ལོ་ ༡༩༦༤ ནས་ ༡༩༦༧ བར་ཨོ་ཁུ་སི་ཧྥོ་ཌིའི་སི་ཊི་ཧོག(St Hugh)མཐོ་སློབ་དུ་སློབ་གཉེར་བྱས་ཡོད་པ་དང་།  ཕྱི་ལོ་ ༡༩༧༢ ལོར་མོ་མཱ་ཁེལ་ཨེ་རི་སི་(Michael Aris)དང་ལྷན་དུ་གཉེན་སྒྲིག་བྱས་ཏེ། ཁོ་གཉིས་ལ་བྱིས་པ་གཉིས་ཡོད་འདུག མོའི་བཟའ་ཟླ་ཨེ་རི་སི་ནི་(Antony)མཐོ་སློབ་ཀྱི་བོད་རིག་པ་ཞིབ་འཇུག་བྱེད་མཁན་རྒན་པ་ཞིག་ཡིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༧/༡༠/༠༤

Leave a Reply

One thought on “ལྕམ་ཨང་སན་སུའུ་སྐྱིད་ཀྱི་རང་དབང་གཟེང་རྟགས་ཕྱིར་བསྡུ་རྒྱུ་རེད། 

  1. གཞུང་པ་ཚེ་དབང་བསོད་ནམས་ཡ

    ཧཧཧསྤྲད་ནས་ཕྱི་བསྡུ་བྱ་རྒྱུའི་རྟགས་མ་།
    ཕྲུ་གུའི་རྩེད་མོ་མིན་ན་གང་རེད་།
    འཛམ་གླིང་ནང་གི་འཁྲུགས་རྩོད་།
    གཟེང་རྟགས་མགོ་ལ་ལྐོན་འདུག་།