ཞི་ཅིན་ཕིན་གྱི་འདྲ་པར་སྒྲིག་གཤོམ་དགོས་པའི་བཙན་སྐུལ།

རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ས་ཁུལ་ཁག་ཏུ་ཞི་ཅིན་ཕིན་གྱི་འདྲ་པར་དང་རྒྱ་ནག་གི་རྒྱལ་དར་སྒྲེང་དགོས་པའི་བཙན་བཀའ་བཏང་ཏེ་ཁྱིམ་ཚང་རེ་རེ་བཞིན་འདྲ་པར་དང་རྒྱལ་དར་སྤྲོད་བཞིན་ཡོད་འདུག

དེ་རིང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གིས་ཏང་གི་ཚོགས་ཆེན་༡༩ པ་བསླེབ་ལ་ཉེ་བའི་དུས་འདིར་གྲངས་ཉུང་མི་རིགས་ས་ཁུལ་ཁག་གི་ནང་དུ། རྒྱ་ནག་དམར་ཕྱོགས་ཚོགས་པའི་མི་མང་ལ་ཡག་པོ་བྱེད་ཀྱི་ཡོད་པའི་ལས་འགུལ་འདྲ་མིན་སྤེལ་གྱི་ཡོད་པ་དང་། དམར་ཕྱོགས་ཚོགས་པའི་སྣང་བརྙན་ཡག་པོ་བཟོ་ཐབས་སུ་མི་མང་ཁྲོད་ཏང་ལ་དགའ་ཞེན་ཡོད་པའི་རྣམ་པ་བཙན་ཐབས་ཀྱིས་སྟོན་བཅུག་གི་ཡོད་འདུག

ཟླ་འདིའི་ཚེས་༡ ཉིན་ནས་ཡུ་གུར་གྲངས་ཉུང་མི་རིགས་ས་ཁུལ་དུ་ཏང་གི་ཚོགས་ཆེན་མ་ཚར་བར་དུ། སྲིད་འཛིན་ཞི་ཅིན་ཕིན་གྱི་འདྲ་པར་ཁྱིམ་དུ་སྒྲིག་གཤོམ་དང་། རྒྱ་ནག་གི་རྒྱལ་དར་སྒྲེང་དགོས་པའི་སྐུལ་མ་གཏོང་གི་ཡོད་པ་དང་། ཡུ་གུར་གྱི་(Fuyun)གྲོང་སྡེའི་ས་གནས་མི་མང་ཚོས་བཤད་པ་ལྟར་ན། སྲིད་གཞུང་གིས་ཁྱིམ་ཚང་རེ་རེར་ཞི་ཅིན་ཕིན་གྱི་འདྲ་པར་རེ་རེ་སྤྲད་དེ། ཁྱིམ་ཚང་ནི་རྒྱལ་ཁབ་ཀྱི་དབུ་འཁྲིད་ཚོར་གུས་ཞབས་བྱེད་སའི་གནས་ཤིག་ཏུ་བསྒྱུར་དགོས་སྐོར་བཀའ་བཏང་ཡོད་འདུག

འཇར་མན་དུ་རྟེན་གཞི་བྱས་པའི་འཛམ་གླིང་ཡུ་གུར་ཚོགས་པའི་མགྲིན་ཚབ་པ་(Dilixiati Rexiti)ལགས་ཀྱིས། ཉེ་སྔོན་རྒྱ་ནག་གིས་གྲངས་ཉུང་མི་རིགས་ས་ཁུལ་མང་པོར་རྒྱ་ནག་གི་རྒྱལ་དར་དང་། དམར་ཕྱོགས་མཐོ་རིམ་མགོ་འཁྲིད་ཚོའི་འདྲ་པར་སྒྲིག་གཤོམ་བྱེད་དགོས་པའི་བཙན་བཀའ་གཏོང་བཞིན་འདུག ཅེས་བརྗོད་ཡོད་པ་རེད།

སྲིད་ཇུས་དེ་ལག་བསྟར་བྱེད་མཁན་ཡུ་གུར་ཞིང་ཆེན་དམར་ཕྱོགས་ཚོགས་པའི་དྲུང་ཆེ་ཁྲིན་ཆན་གོ་(Chen Quanguo) ཟེར་བ་དེ་ཡིན་པ་དང་། སྐྱོན་བརྗོད་མཁན་ཚོས་དེ་ནི་ཁྲིན་གྱིས་ཏང་གི་ཚོགས་ཆེན་དང་འབྲེལ་ནས་རང་ཉིད་ཀྱི་གོ་གནས་ཇེ་མཐོར་གཏོང་ཐབས་ཀྱི་ཆབ་སྲིད་ཅིག་ཡིན་སྐོར་བརྗོད་ཀྱི་འདུག དེ་བཞིན། མེ་ལོང་གསར་འགྱུར་(Mirror Media)ཚོགས་པའི་སྤྱི་ཁྱབ་ཚོགས་གཙོ་ཧོ་ཕིན་(Ho Pin) ལགས་ཀྱིས། ལས་འགུལ་དེ་ནི་མཐའ་གཅིག་ཏུ་ཁྲིན་གྱི་ཇུས་ངན་ཞིག་ཡིན་པ་དང་། ཁོས་དེ་སྔོན་བོད་རང་སྐྱོང་ལྗོང་གི་དམར་ཕྱོགས་དྲུང་ཆེ་བྱས་སྐབས་ལས་འགུལ་དེ་འདྲ་རང་སྤེལ་ཡོད་པ་རེད། ཅེས་བརྗོད་ཡོད་པ་རེད།

ཁྲིན་ཆན་གོ་ནི་དེ་སྔོན་བོད་རང་སྐྱོང་ལྗོངས་དམར་ཕྱོགས་ཚོགས་པའི་དྲུང་ཆེ་བྱས་མྱོང་ཡོད་པ་དང་། སྐབས་དེར་ཁོས་བོད་ཁྱིམ་རེ་རེའི་ནང་དུ་རྒྱ་ནག་གི་མགོ་འཁྲིད་མའོ་ཙེ་ཏུང་དང་ཏུན་ཞོ་ཕིང་། ཅིང་ཙེ་མིན། ཧུའུ་ཅིན་ཐའོ་སོགས་ཀྱི་པར་རིས་གཏན་འཇོག་སྒྲིག་གཤོམ་དགོས་པའི་བཙན་བཀའ་བཏང་སྟེ་དངོས་སུ་ལག་བསྟར་བྱས་་ཡོད་པ་རེད།

རྒྱ་ནག་གིས་ཏང་གི་ཚོགས་ཆེན་བསླེབ་ལ་ཉེ་བའི་དུས་འདིར་དབུས་བརྙན་འཕྲིན་ཁང་སོགས་བརྒྱུད་ཞི་ཅིན་ཕིན་གྱི་སྲིད་དབང་འོག་རྒྱ་ནག་གིས་འཛམ་གླིང་གི་དཔལ་འབྱོར་སྲིད་བྱུས་ཀྱི་སྣེ་འཁྲིད་དེ་ཡར་རྒྱས་ཀྱི་ཕྱོགས་སུ་སྐྱོད་ཀྱི་ཡོད་པ་དང་། འཛམ་གླིང་རྒྱལ་ཁབ་ཁག་ནས་རྒྱ་ནག་དང་དབུ་འཁྲིད་ཞི་ཅིན་ཕིན་ལ་གུས་བརྩི་ཆེ་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་སྐོར་སོགས་བསྒྲགས་ཀྱི་ཡོད་པ་དང་བསྟུན། གྲངས་ཉུང་མི་རིགས་ས་ཁུལ་དུ་འཛུགས་སྐྲུན་དང་ཡར་རྒྱས་ལ་ཁ་གཡར་ཏེ། ཏང་གི་བཀའ་དྲིན་དང་རོགས་རམ་གྱིས་འཕེལ་རྒྱས་དང་གྲུབ་འབྲས་ཡུར་དུ་ཟ་བ་བླངས་ཡོད་པའི་ཁྱབ་བསྒྲགས་བསྟུན་མར་བྱེད་ཀྱི་ཡོད་པ་དང་། ས་ཁུལ་མང་པོར་ཆེད་དུ་ཏང་གི་ཚོགས་ཆེན་ལ་དགའ་བསུ་དང་གྲ་སྒྲིག་ཞུ་བ་ཞེས་པའི་བརྗོད་གཞིའི་འོག་དུས་ཆེན་སྣ་ཚོགས་ཀྱིས་མི་མང་གི་བློ་སེམས་འགུག་ཐབས་བྱེད་ཀྱི་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༡༠/༠༤

Leave a Reply