ནང་བསམ་བློའི་གོ་རྟོགས་སད་ན་ཕྱིའི་སྒྲིག་ལམ་ཞོར་དུ་ཡོང་གི་རེད།

ང་ཚོ་དགེ་རྒན་ཚོས་སློབ་ཕྲུག་རྣམས་ལ་ཤེས་བྱ་ཡོན་ཏན་སྤྲད་པ་ཙམ་མ་ཡིན་པར་སློབ་ཕྲུག་གི་མོས་འདུན་དང་འཇོན་ནུས་སྔོག་འདོན་བྱེད་པའི་དཀྱེལ་ཡངས་ཀྱི་སྡིངས་ཆ་ཞིག་བསྐྲུན་པ་ཡིན་ན། དེས་མ་འོངས་པར་ཤེས་འཇོན་གཉིས་ལྡན་གྱི་སློབ་མ་མང་པོ་སྐྱེད་སྲིང་བྱེད་པའི་ནུས་པ་འཐོན་གྱི་རེད་བསམ་གྱི་འདུག ཅེས་བརྗོད་བྱུང་།

སུ་ཇཱ་བོད་ཁྱིམ་གྱི་སློབ་གསོའི་གནས་སྟངས་དང་འབྲེལ་ཏེ་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་སློབ་གསོའི་སྐོར་ལ་རྒྱུས་ལོན་ཆེད། འདི་གའི་གསར་འགོད་པས་སུ་ཇཱ་སློབ་གྲྭའི་བོད་ཡིག་དགེ་རྒན་ཚེ་རིང་ལོ་བརྒྱ་ལགས་སུ་ཤེས་འཇོན་གཉིས་ལྡན་གྱི་སློབ་མ་ཞིག་སྐྱེད་སྲིང་བྱེད་པའི་ཐབས་ལམ་ལེགས་ཤོས་དེ་ག་རེ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་དྲིས་པར་ཁོང་གིས། དགེ་རྒན་ཞིག་གི་ངོས་ནས་བཤད་ན། སོ་སོས་སློབ་འཁྲིད་བྱེད་བཞིན་པའི་སློབ་ཕྲུག་དེ་ཚོ་ཤེས་འཇོན་གཉིས་ལྡན་ནམ། ༧གོང་ས་མཆོག་གི་བཀའ་སློབ་ནང་བཞིན་འདབ་གཤོག་གཉིས་ལྡན་གྱི་སློབ་མ་ཞིག་ཏུ་སྐྱེད་སྲིང་བྱེད་པར་ཐོག་མར་དགེ་རྒན་རང་ཉིད་ལ་ཤེས་བྱ་ཡོན་ཏན་དང་སྤྱི་ཚོགས་ཀྱི་མཐོང་རྒྱ་ཆེན་པོ་དགོས་ཀྱི་འདུག ང་ཚོའི་དམིགས་ཡུལ་ཆེ་ཤོས་དེ་དགེ་རྒན་གྱིས་སློབ་མར་སློབ་ཚན་ག་རེ་འཁྲིད་ཀྱི་ཡོད་ནའང་། སློབ་ཚན་མ་འཁྲིད་སྔོན་ལ་སློབ་ཕྲུག་ཚོར་སློབ་ཚན་དེའི་སྐོར་ལ་ངེས་ཤེས་ཟབ་མོ་ཞིག་བསྐྱེད་དགོས་པར་མ་ཟད། ད་དུང་སློབ་ཕྲུག་ཚོ་སློབ་ཚན་དེ་ལ་སྤྲོ་སྣང་ཡོང་ཐབས་བྱེད་དགོས་ཀྱི་འདུག ངེས་ཤེས་དང་སྤྲོ་སྣང་དེ་ལ་བརྟེན་ནས་སློབ་ཕྲུག་ཚོས་སློབ་ཚན་དེ་ལ་དོ་སྣང་བྱེད་པའི་འདུན་པ་ཡོང་གི་རེད། འདུན་པ་དེ་གཞིར་བཟུང་ནས་དགེ་རྒན་ཚོས་སློབ་ཕྲུག་ཚོར་སློབ་འཁྲིད་བྱེད་པ་ཙམ་མ་ཡིན་པར་གཏེར་ཁ་སྔོག་པ་ནང་བཞིན་སློབ་ཕྲུག་ཚོའི་ལྷན་སྐྱེས་ཀྱི་ཤེས་འཇོན་སྔོག་འདོན་བྱེད་པའི་དཀྱེལ་ཡངས་ཀྱི་ཁོར་ཡུག་དང་། སློབ་ཕྲུག་གིས་སོ་སོའི་མོས་འདུན་དང་བསམ་ཚུལ་བརྗོད་པའི་སྡིངས་ཆ་བསྐྲུན་རྒྱུ་ནི་དགེ་རྒན་གྱི་འོས་འགན་ཞིག་ཏུ་མཐོང་གི་འདུག དཔེར་ན། ང་རང་གི་འཛིན་གྲྭར་མཚོན་ན། སློབ་ཕྲུག་གི་ནུས་པ་དང་སྙིང་སྟོབས་སྐྱེད་སྲིང་བྱེད་ཆེད། བདུན་ཕྲག་གཅིག་རེའི་ནང་བརྗོད་གཞི་འདྲ་མིན་གྱི་ཐོག་ནས་སློབ་ཕྲུག་ཕན་ཚུན་བར་བགྲོ་གླེང་བྱེད་ཀྱི་ཡོད་ལ། བགྲོ་གླེང་ཐོག་སློབ་ཕྲུག་ཚོས་སོ་སོའི་དགའ་ཕྱོགས་དང་བསམ་ཚུལ་ག་རེ་ཡོད་ན་ཐད་ཀར་དགེ་རྒན་ལ་དོགས་འདྲི་བྱེད་ཆོག་གི་རེད། བགྲོ་གླེང་གི་སྡིངས་ཆ་དེ་ལ་བརྟེན་ནས་སློབ་ཕྲུག་སོ་སོ་རང་ངོས་ནས་ལེགས་ཉེས་ཀྱི་བྱ་བ་འབྱེད་ཐུབ་པར་མ་ཟད། དགེ་རྒན་གྱིས་སློབ་ཕྲུག་ཚོའི་ལྷན་སྐྱེས་ཀྱི་འཇོན་ནུས་དང་སྙིང་སྟོབས་མ་བཅོམ་པར་དཀྱེལ་ཡངས་ཀྱི་སྒོ་ནས་སློབ་ཕྲུག་གི་ཤེས་འཇོན་སྔོག་འདོན་བྱེད་ཐུབ་པར་འདོད། དེ་ལྟར་བྱས་པ་ཡིན་ན། སློབ་ཕྲུག་ཚོར་ཤེས་བྱ་ཡོན་ཏན་ཡོད་པ་གང་ཞིག་ལ་ཁོ་ཚོའི་འཇོན་ནུས་སྔོག་འདོན་བྱེད་པའི་སྡིངས་ཆ་དེ་བརྒྱུད་ནས་སྙིང་སྟོབས་བསྐྱེད་པ་དང་། སྙིང་སྟོབས་དེ་ལ་བརྟེན་ནས་ཁོ་ཚོ་མ་འོངས་པར་ང་ཚོ་བོད་མི་རིགས་ཀྱི་ཀ་བ་དང་གདུང་མ་ལྟ་བུའི་མི་རབས་ཤིག་ཆགས་ཐུབ་པར་བསམ། ང་ཚོ་དགེ་རྒན་ཚོས་སློབ་ཕྲུག་ཚོར་ཤེས་བྱ་ཡོན་ཏན་སྤྲད་པ་ཙམ་མ་ཡིན་པར། སློབ་ཕྲུག་ཚོ་རང་ངོས་ནས་རང་ཉིད་ཀྱི་མོས་འདུན་དང་འཇོན་ནུས་སྔོག་འདོན་བྱེད་པའི་དཀྱེལ་ཡངས་ཀྱི་སྡིངས་ཆ་ཞིག་བསྐྲུན་པ་ཡིན་ན། དེས་མ་འོངས་པར་ཤེས་འཇོན་གཉིས་ལྡན་གྱི་སློབ་མ་མང་པོ་སྐྱེད་སྲིང་བྱེད་པའི་ནུས་པ་འཐོན་གྱི་རེད་བསམ་གྱི་འདུག ཅེས་བརྗོད་བྱུང་།

བོད་སློབ་ཁག་ཏུ་སློབ་ཚན་གྱི་ཞོར་དུ་དཔེ་ཀློག་བྱེད་མཁན་ཧ་ཅང་ཉུང་ཉུང་ཡིན་པའི་རྒྱུ་རྐྱེན་གཙོ་བོ་གང་ཡིན་སྐོར་ལ་ཁོང་གིས། ང་ཚོ་བོད་པའི་སློབ་མ་མང་ཆེ་བས་གནས་སྐབས་དང་དུས་ཐུང་ནང་སོ་སོའི་ཡིག་རྒྱུགས་དང་སྐར་འབྲས་ཀྱི་ཆེད་དུ་དཔེ་ཀློག་བྱེད་པ་མ་གཏོགས་མི་རིགས་གཞན་པ་ནང་བཞིན་འགྲུལ་བཞུད་སྐབས་རླངས་འཁོར་ནང་དཔེ་དེབ་ཀློག་པ་དང་ཇ་འཐུང་སྐབས་ཇ་ཁང་ནང་དཔེ་ཀློག་བྱེད་པའི་གོམས་གཤིས་དེ་འདྲ་མི་འདུག་ལ། དེ་ནི་བཙན་བྱོལ་བོད་སློབ་ཁག་གཅིག་པུ་མིན་པར་སྤྱིར་བཏང་ང་ཚོ་བོད་པར་དཔེ་ཀློག་གི་གོམས་གཤིས་ཆགས་མི་འདུག སློབ་ཕྲུག་ཚོའི་ཕ་མ་ཡིན་ནའང་། སོ་སོའི་བུ་ཕྲུག་ཚོར་དཔེ་ཀློག་གི་དགོས་པ་རྒྱུ་མཚན་དང་། དཔེ་ཀློག་གིས་མིའི་བསམ་བློ་ཡར་རྒྱས་གཏོང་བའི་ཕན་ནུས། འཛིན་ཁང་ནང་སློབ་ཕྲུག་ཚང་མ་མི་ཡིན་པ་གཅིག་པ་དང་། དགེ་རྒན་གཅིག་པ། འཛིན་གྲྭ་གཅིག་པ་ཡིན་ནའང་། སློབ་སྦྱོང་གི་གྲུབ་འབྲས་དང་། བསམ་བློ་གཏོང་སྟངས། སྤྱོད་པ་འཁྱེར་ཕྱོགས། སྐད་ཆའི་ལྗིད་ཁོག་སོགས་མི་འདྲ་བའི་རྒྱུ་མཚན་དེ་སློབ་ཕྲུག་རང་ངོས་ནས་དཔེ་ཀློག་བྱས་མིན་ལ་ཐུག་ཡོད་པའི་སློབ་གསོ་གཏོང་མཁན་ཧ་ཅང་ཉུང་ཉུང་རེད། སྤྱིར་བཏང་དགེ་སློབ་སུ་ཡིན་ཡང་། སོ་སོ་རང་ངོས་ནས་དཔེ་ཀློག་ག་ཚོད་བྱེད་ཐུབ་པ་དེའི་ཚོད་ཀྱིས་རང་རྒྱུད་ལ་ཤེས་བྱ་ཡོན་ཏན་འཐུས་ཚང་འབྱོར་གྱི་ཡོད་དུས། ང་ཚོས་སློབ་ཕྲུག་ཚོར་དཔེ་ཀློག་གི་དགོས་པ་རྒྱུ་མཚན་བཤད་རྒྱུ་གལ་ཆེན་པོ་རེད། ང་རང་ལ་མཚོན་ན། གཟའ་འཁོར་གཅིག་གི་ནང་འཛིན་གྲྭ་འཚོགས་ཐེངས་བདུན་ཡོད། འཚོགས་ཐེངས་གཅིག་ལ་སློབ་མ་ཚོར་དཔེ་ཀློག་བྱེད་དུ་འཇུག་གི་ཡོད་ལ། དཔེ་ཀློག་གི་རྗེས་སུ་འཛིན་ཁང་ནང་སློབ་མ་དྲུག་བདུན་ཙམ་ལ་སོ་སོས་དཔེ་ཀློག་བྱས་པའི་མྱོང་ཚོར་སྐོར་ངོ་སྤྲོད་བྱེད་དུ་འཇུག་གི་ཡོད། དཔེ་ཀློག་སྐབས་སུ་ང་ཚོས་སློབ་ཕྲུག་ཚོར་༧གོང་ས་མཆོག་ལྟ་བུའི་རླབས་ཆེན་གྱི་སྐྱེས་ཆེན་ཚོའི་བརྩམས་ཆོས་མང་པོ་བཀླགས་ཐུབ་པ་ཡིན་ན། དེས་ང་ཚོའི་བསམ་བློ་དང་གོ་རྟོགས་ལ་ཕན་ནུས་ཆེན་པོ་འཐོན་པའི་རྒྱུ་མཚན་གསལ་བཤད་བྱས་ཏེ་རིམ་པས་སློབ་ཕྲུག་ཚོ་དཔེ་ཀློག་གི་ལམ་དུ་འཁྲིད་རྒྱུ་མ་གཏོགས། འཛིན་གྲྭའི་སློབ་འཁྲིད་གཅིག་པུ་ཙམ་དང་ཡིག་རྒྱུགས་སྐབས་ཀྱི་དཔེ་ཀློག་གཅིག་པུ་ཙམ་གྱིས་སློབ་ཕྲུག་ཚོར་དཔེ་ཀློག་གི་གོམས་གཤིས་ཆགས་རྒྱུ་ཁག་པོ་རེད་བསམ་གྱི་འདུག ཅེས་ཟེར།

ཡང་ཁོང་ལ་སློབ་གྲྭ་ཞིག་ལ་མཚོན་ན་སློབ་གྲྭ་འཛིན་སྐྱོང་གི་སྒྲིག་ལམ་གཙོ་བོ་རེད་དམ་སློབ་མ་སློབ་སྐྱོང་གི་ཐབས་ཤེས་གཙོ་བོ་ཡིན་དྲིས་པར། སློབ་གྲྭ་དང་ཁྱིམ་ཚང་གང་ཡིན་ཡང་། གཙོ་བོ་སློབ་མར་ནང་བསམ་བློའི་གོ་རྟོགས་སད་ན། ཕྱིའི་སྒྲིག་ལམ་ཞོར་ནས་ཡོང་གི་རེད་བསམ་གྱི་འདུག ང་རང་ཉིད་ལ་མཚོན་ན། ནམ་རྒྱུན་འཛིན་ཁང་ནང་སློབ་ཕྲུག་ཚོར་སློབ་གསོ་སྤྲོད་རྒྱུ་གཙོ་བོ་དང་སྒྲིག་ལམ་ཕལ་བར་འཛིན་གྱི་ཡོད། རྒྱུ་མཚན་གང་ཡིན་ཟེར་ན། དང་ཐོག་དགེ་རྒན་གྱིས་སློབ་ཕྲུག་ལ་སློབ་ཚན་འཁྲིད་པ་བརྒྱུད་དགེ་སློབ་ཕན་ཚུན་སེམས་ཐག་ཉེ་སར་བཅར་ནས་གྲོགས་པོའི་འདུ་ཤེས་བཟུང་སྟེ་སློབ་ཕྲུག་ལ་སློབ་སྦྱོང་གི་དཀའ་ངལ་ག་རེ་ཡོད་ནའང་ཐད་ཀར་དགེ་རྒན་ལ་འདྲི་ཆོག་པ་དང་བཤད་ཐུབ་པའི་ཁོར་ཡུག་དང་སེམས་ཁམས་ཤིག་བསྐྲུན་དགོས་ཀྱི་འདུག སྔོན་ཆད་ང་རང་སློབ་ཕྲུག་ཡིན་སྐབས། དགེ་རྒན་ཟེར་དུས་རྦད་དེ་གོང་མ་དང་བླ་མ་ལྟ་བུར་བརྩིས་ཏེ། སློབ་མས་དགེ་རྒན་མཐོང་སྐབས་ཞེད་སྣང་གིས་འབྲོ་དགོས་པའི་གནས་སྟངས་དེ་འདྲ་ཞིག་གི་འོག སློབ་ཕྲུག་གི་སེམས་ནང་དུ་དོགས་འདྲི་ག་རེ་ཡོད་ཀྱང་། ཐད་ཀར་དགེ་རྒན་ལ་འདྲི་མི་ཕོད་པ་དང་། དགེ་རྒན་གྱི་མདུན་ནས་སློབ་ཕྲུག་ནི་ཧ་ཅང་ཉམ་ཆུང་ཞིག་ཡིན་མདོག་གི་བཅོས་མའི་རང་གཤིས་ཤིག་སྟོན་དགོས་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་པ་རེད། གནད་དོན་དེ་དགེ་སློབ་བར་གྱི་སློབ་གསོའི་གནད་དོན་ཞིག་རེད་བསམ། ཕྱིའི་རྣམ་འགྱུར་ཙམ་མ་ཡིན་པར་ང་ཚོས་སློབ་ཕྲུག་ཚོར་ནང་བསམ་བློའི་སློབ་གསོ་སྤྲོད་རྒྱུ་གལ་ཆེན་པོ་རེད། དཔེར་ན། ༧གོང་ས་མཆོག་ནས་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ <<Beyond Religion: Ethics for a Whole World>> ཅེས་པའི་བཀའ་སློབ་ནང་ཕྱིའི་དངོས་པོའི་དཔལ་ཡོན་ཡར་རྒྱས་ཕྱིན་པ་དང་བསྟུན་ནས་ནང་བསམ་བློའི་སློབ་གསོ་ཡར་རྒྱས་གཏོང་དགོས་པ་གལ་ཆེན་ཡིན་པ་གསུངས་འདུག དེ་འདྲ་ཡིན་དུས། སློབ་གྲྭ་དང་ཁྱིམ་ཚང་། སྤྱི་ཚོགས་གང་ཡིན་ཡང་ང་ཚོས་ནང་བསམ་བློའི་སློབ་གསོ་གལ་ཆེན་དུ་འཛིན་དགོས་པ་བསྙོན་མེད་རེད། རྒྱུ་མཚན་ནི། ནང་བསམ་བློའི་སློབ་གསོ་ཚད་ལྡན་ཡོད་པའི་སློབ་མ་ཞིག་གིས་སློབ་གྲྭའི་སྒྲིག་ལམ་དང་འགལ་བའི་བྱ་སྤྱོད་སྤེལ་གྱི་མ་རེད། དེ་མིན་ང་ཚོས་ཕྱིའི་རྣམ་པ་ཙམ་གྱི་ཆེད་དུ་སྒྲིག་ལམ་གཙོ་བོར་བཟུང་སྟེ་ནང་བསམ་བློའི་སློབ་གསོ་ཕལ་བར་བཞག་ན། མ་འོངས་པའི་མི་རབས་གསར་བ་དང་བོད་སྐད་ཡིག་གི་སློབ་གསོ་དེ་གནས་སྐབས་ཙམ་དང་བཅོས་མ་ཙམ། ཕྱི་མཛེས་ནང་རུལ་གྱི་གནས་སྟངས་ཤིག་ཆགས་པའི་ཉེན་ཁ་ཡོད་པ་རེད། མི་ཞིག་གི་ནང་བསམ་བློའི་གོ་རྟོགས་སད་པར་བརྟེན་ནས། ཕྱིའི་རྣམ་འགྱུར་དང་སྤྱོད་པ་རང་བཞིན་གྱིས་འཕོ་འགྱུར་ཡོང་གི་རེད། ད་ལྟའི་བཙན་བྱོལ་སྤྱི་ཚོགས་ནང་བོད་སྐད་ཡིག་སློབ་གསོའི་ཁ་ཕྱོགས་དེ་ལག་པའི་ཕྱི་ནང་མ་གསལ་བ་ཞིག་དང་། ཁ་སྣའི་དབྱེ་བ་མ་ཁོར་བའི་གནས་སྟངས་ཤིག་ཆགས་ཀྱི་མེད་འགྲོ་བསམ་གྱི་འདུག ཅེས་བརྗོད་བྱུང་།

བོད་ཕྱི་ནང་གི་དགེ་རྒན་ཚོའི་སློབ་འཁྲིད་ལ་ཁྱད་པར་ཅི་ཡོད་དྲིས་པར་ཁོང་གིས། བོད་ཕྱི་ནང་གཉིས་སུ་སློབ་ཚན་སློབ་འཁྲིད་ཀྱི་ཐད་ནས་ཁྱད་པར་ཡོད་པ་ཞིག་མཐོང་གི་འདུག བོད་ནང་གི་དགེ་རྒན་ཚོ་ཡིན་ན། སོ་སོའི་འཁྲིད་གཞིའི་སློབ་ཚན་ལ་གོ་རྟོགས་དང་ཤེས་ཚད་མཐོན་པོ་ཡོད་སྟབས། སློབ་འཁྲིད་དེས་ནུས་པ་ཆེན་པོ་འཐོན་གྱི་ཡོད་པ་རེད། བཙན་བྱོལ་གྱི་དགེ་རྒན་ཚོ་ཡིན་ན། ཤེས་ཡོན་དང་སློབ་གསོ་དོ་མ་སྙོམས་པའི་ཐོག་ནས་སློབ་འཁྲིད་ཀྱི་ནུས་པ་ཆེན་པོ་འཐོན་གྱི་མེད་པ་རེད། ཡིན་ནའང་བྱེས་ཀྱི་དགེ་རྒན་ཚོར་གཞིས་ཀྱི་དགེ་རྒན་ཚོ་ལས་སེམས་ཤུགས་ཆེན་པོ་འདུག རྒྱུ་མཚན། བོད་ནང་གི་དགེ་རྒན་ཚོས་སློབ་ཚན་གཅིག་པུ་གཙོ་བོར་འཛིན་པ་དང་། བཙན་བྱོལ་གྱི་དགེ་རྒན་ཚོས་སློབ་ཚན་གཅིག་པུ་མིན་པར་སློབ་མ་ཚོར་ཕྱོགས་ཡོངས་ཀྱི་སློབ་གསོ་སྣ་ཚོགས་སྤྲོད་ཀྱི་འདུག་པའི་མཐོང་སྣང་བྱུང་། ཅེས་ཟེར།

བཙན་བྱོལ་ནང་བོད་སྐད་ཡིག་སློབ་གསོ་འཐུས་ཤོར་འགྲོ་ས་གཙོ་བོ་གང་ལ་ཐུག་ཡོད་པའི་སྐོར་ལ་ཁོང་གིས། ང་རང་བཙན་བྱོལ་ལ་ཡོང་ནས་སློབ་གྲྭར་སོང་བ་དང་། ཕྱིས་ཀྱི་འདས་པའི་ལོ་ངོ་ ༡༠ རིང་དགེ་རྒན་བྱས་པའི་བརྒྱུད་རིམ་ཁྲོད་བཙན་བྱོལ་གྱི་བོད་སྐད་ཡིག་གི་སློབ་གསོའི་ཁ་ཕྱོགས་ལ་འགྱུར་བ་གཏོང་དགོས་པ་ཞིག་མཐོང་སོང་ལ། ལྷག་པར་དུ་བཙན་བྱོལ་སློབ་གྲྭ་ཁག་གི་ཀློག་དེབ་དེ་ཚོ་སློབ་ཕྲུག་གི་སེམས་ཁམས་དང་འཚམས་པ་ཞིག་བཟོ་རྒྱུ་ཧ་ཅང་གལ་ཆེན་པོར་མཐོང་གི་འདུག བཙན་བྱོལ་སློབ་གྲྭ་ཁག་གི་ཀློག་དེབ་རྩོམ་སྒྲིག་པ་ཚོས་སྔོན་བྱོན་མཁས་དབང་ཚོས་གསུངས་པའི་ཚིག་བཅད་དེ་ཚོ་རྡོག་རྡོག་བྱས་ནས་ཀློག་དེབ་ནང་བླུགས་བཞག་ཡོད་དུས། དེ་སློབ་ཕྲུག་གི་ཤེས་ཚད་དང་དོ་སྙོམ་མིན་ཁར། དགེ་རྒན་གྱིས་འཁྲིད་གཞི་དེ་ཡག་པོ་ཞིག་འཁྲིད་མ་ཐུབ་པའི་དཀའ་ངལ་འཕྲད་ཀྱི་ཡོད་པ་དང་། སློབ་ཚན་མང་ཤོས་ཆོས་ལུགས་རིག་གནས་ཤུགས་ཆེར་བཟུང་འདུག སྤྱིར་ཆོས་ལུགས་རིག་གནས་གལ་ཆེན་པོ་རེད་དེ། ང་ཚོས་ཐོག་མར་སློབ་ཕྲུག་ཚོར་བོད་སྐད་ཡིག་གི་རྨང་གཞི་ཡག་པོ་ཞིག་བཟོ་རྒྱུ་ནི་དེ་ལས་ཀྱང་གལ་ཆེན་རེད་བསམ་གྱི་འདུག

བོད་མིའི་སྒྲིག་འཛུགས་ཀྱི་ཤེས་ཡོན་སྲིད་ཇུས་ནང་གཏན་འབེབས་བྱས་ཡོད་པ་ནང་བཞིན། དགེ་རྒན་གྱི་མཐུན་རྐྱེན་ཇེ་ལེགས་སུ་གཏོང་རྒྱུ་ནི་དགེ་རྒན་གང་ཟག་གི་སྐྱིད་སྡུག་ཁོ་ན་ཙམ་མིན་པར། དེ་ནི་མི་རིགས་ཤིག་གི་སྐྱིད་སྡུག་ལ་འགན་ཁུར་བ་དང་འདྲ་བས། དགེ་རྒན་གྱི་ལས་རིགས་ནི་བླ་ན་མེད་པ་དང་གོང་ན་མེད་པ་ཞིག་གནང་རྒྱུ་གལ་གནད་ཆེན་པོ་རེད་ལ། དེ་ལྟར་ངེས་པ་རྙེད་པའི་ཉིན་མོ་ནི་ང་ཚོ་ལ་རེ་བ་ཡོད་སོང་བའི་མ་འོངས་པ་དེ་ཡིན་པ་རེད། གལ་ཏེ་དགེ་རྒན་གྱི་འཚོ་བའི་མཐུན་རྐྱེན་དང་སྤྱི་ཚོགས་ཀྱི་ཆེ་མཐོང་ཡར་རྒྱས་སུ་བཏང་བ་ཡིན་ན། བཙན་བྱོལ་སློབ་གྲྭ་ཁག་ནང་ཤེས་ཡོན་ཡོད་པའི་དགེ་རྒན་མང་པོ་འཛུལ་ཞུགས་བྱེད་པ་དང་། དེ་ལ་བརྟེན་ནས་མ་འོངས་པར་ཤེས་འཇོན་གཉིས་ལྡན་གྱི་སློབ་མ་མང་པོ་སྐྱེད་སྲིང་ཐུབ་པར་མ་ཟད། རིམ་པས་བོད་སྐད་ཡིག་སློབ་གསོའི་གནས་སྟངས་ཡར་རྒྱས་དང་འཐུས་ཚང་ཡོང་གི་རེད་བསམ་གྱི་འདུག དེ་མ་གཏོགས་ཁ་ནས་དགེ་རྒན་གལ་ཆེན་ཡིན་ལུགས་བཤད་ཀྱང་། དོན་དངོས་སུ་ད་ལྟའི་བཙན་བྱོལ་ནང་གི་དགེ་རྒན་གྱི་འཚོ་བའི་གནས་སྟངས་དང་ཤེས་ཡོན་གྱི་ཆུ་ཚད་ག་འདྲ་ཡིན་པ་ང་ཚོ་ཚང་མའི་མིག་མཐོང་ལག་ཟིན་ཡིན་པ་རེད།

ལྷག་པར་དུ་ད་ལྟའི་བཙན་བྱོལ་ནང་གི་བོད་སྐད་ཡིག་སློབ་གསོའི་གནས་སྟངས་ལ་ལྟ་དུས། དགེ་རྒན་དང་ཕ་མ། སྤྱི་ཚོགས་ཀྱི་གནས་སྟངས་བཅས་ཀྱི་དབང་གིས། སོ་སོའི་སྐད་ཡིག་ཕལ་པར་བཞག་ནས་གཞན་གྱི་སྐད་ཡིག་གཙོ་བོར་འཛིན་གྱི་འདུག དཔེར་ན། འཛིན་གྲྭ་འཚོགས་ཐེངས་དྲུག་ཡོད་ན། དེའི་ནང་བོད་ཡིག་གི་འཛིན་གྲྭ་གཅིག་མ་གཏོགས་མེད་དུས། ཉིན་གཅིག་གི་ཆུ་ཚོད་གཅིག་གི་རིང་ལ་སློབ་ཕྲུག་ཚོའི་བོད་སྐད་ཡིག་ཡར་རྒྱས་གཏོང་རྒྱུ་ཁག་པོ་ཡིན་སྟབས། དགེ་རྒན་དང་ཕ་མ་སུ་ཡིན་ཡང་། སློབ་ཕྲུག་ཚོ་ཕྱི་རྒྱལ་དུ་གཏོང་རྒྱུ་དང་གཞན་སྐད་སྦྱངས་ནས་རང་ཁ་གསོ་བའི་སྐུལ་མ་མི་གཏོང་བར། བོད་སྐད་ཡིག་གཙོ་བོར་བཟུང་ནས་སློབ་གསོ་སྤྲོད་པ་དང་སྐུལ་ལྕག་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ད་ལྟའི་བཙན་བྱོལ་ནང་གི་བོད་སྐད་ཡིག་འཐུས་ཤོར་འགྲོ་ས་གཙོ་བོ་དེ་སྤྱི་ཚོགས་ཁོར་ཡུག་གི་གནས་སྟངས་དང་ཤེས་ཡོན་སྲིད་ཇུས། དགེ་རྒན་དང་ཕ་མའི་སློབ་གསོ་སོགས་ཕྱོགས་ཡོངས་ལ་འབྲེལ་བ་ཡོད་པ་ཞིག་རེད་བསམ་གྱི་འདུག དེར་བརྟེན་བོད་ནང་གི་སློབ་དེབ་ཁག་དང་འདྲ་བར་བཙན་བྱོལ་གྱི་སློབ་དེབ་ཁག་ནང་མི་རིགས་ཀྱི་ཞེན་ཁོག་དང་སྐད་ཡིག་གི་ཤ་ཞེན་སྐོར་གྱི་སློབ་ཚན་མང་པོ་བཞག་སྟེ། སློབ་ཕྲུག་ཚོར་སོ་སོའི་རྒྱལ་ཁབ་དང་མི་རིགས། སྐད་ཡིག་བཅས་ཀྱི་སེམས་ཁམས་བསྐྲུན་ཐུབ་པ་ཡིན་ན། མ་འོངས་པའི་མི་རབས་གསར་བ་དེ་སྲ་ཐག་ཆོད་ཅིག་ཆགས་ཀྱི་རེད་བསམ་གྱི་འདུག ཅེས་བརྗོད་བྱུང་།

མཇུག་ཏུ་གསར་འགོད་པས། སུ་ཇཱ་བོད་ཁྱིམ་གྱི་སློབ་མ་བུ་ཡག་ལགས་སུ་དགེ་རྒན་རྣམ་པའི་སློབ་འཁྲིད་ལ་འདོད་པ་མ་ཁེངས་པའི་གནས་སྟངས་ཡོང་གི་ཡོད་མེད་དྲིས་པར། ངས་སུ་ཇཱ་བོད་ཁྱིམ་དུ་འདས་པའི་ལོ་ངོ་བཅུ་ཕྲག་གཅིག་རིང་སློབ་སྦྱོང་བྱས་པ་ཡིན་ལ། ལོ་ངོ་དེ་དག་རིང་དགེ་རྒན་གྱི་སློབ་འཁྲིད་ཕྱོགས་ནས་རང་ཉིད་ཀྱི་འདོད་པ་མ་ཚིམས་པ་དེ་འདྲ་བྱུང་མ་སོང་། ང་རང་གི་ཚོར་སྣང་ལ་དགེ་རྒན་ཚོས་སོ་སོས་གང་ཤེས་པ་དེ་སློབ་ཕྲུག་ཚོར་འཁྲིད་ཐབས་གནང་གི་འདུག་བསམ་བྱུང་། ང་རང་ལ་མཚོན་ན་བོད་སྐད་ཡིག་ལ་དོ་སྣང་བྱེད་མཁན་ཞིག་ཡིན། སྔོན་ཆད་དང་བསྡུར་ན་ད་ཆར་སུ་ཇཱ་བོད་ཁྱིམ་གྱི་བོད་སྐད་ཡིག་ལ་ཉམས་ཆག་ཆེན་པོ་འགྲོ་ཡི་འདུག་ལ། བསླབ་གཞི་དང་འབྲེལ་ཡོད་འཁྲིད་གཞི། སློབ་ཕྲུག་ཚོའི་སློབ་སྦྱོང་གི་གནས་སྟངས་སོགས་ཕྱོགས་གང་ཅིའི་ཐད་ནས་འགྱུར་བ་ཆེན་པོ་ཕྱིན་འདུག དེ་ཡང་ད་ཆར་བོད་ནས་ཡོང་མཁན་སློབ་མ་མང་པོ་མེད་དུས། བོད་ཁྱིམ་སློབ་གྲྭ་གཞན་དག་ནས་ཡོང་མཁན་སློབ་ཕྲུག་ཚོ་བོད་སྐད་ཡིག་ལ་དོ་སྣང་དེ་ཙམ་མེད་པ་ཞིག་ཏུ་མཐོང་གི་འདུག དེ་བཞིན་སློབ་ཚན་ལ་ཆ་མཚོན་ནའང་། སློབ་ཕྲུག་གི་མོས་འདུན་དང་ཆུ་ཚོད་ལ་མ་བལྟས་པར། འཁྲིད་གཞི་མཐོན་པོ་འཁྲིད་ཀྱི་འདུག་པའི་མཐོང་སྣང་བྱུང་། ཞེས་ཟེར།

སློབ་མ་བདུད་འདུལ་མཚོ་ལགས་སུ་སློབ་གྲྭའི་སློབ་འཁྲིད་ཀྱི་གནས་སྟངས་དྲིས་པར་མོས། ང་རང་ཕྱི་ལོ་ ༢༠༡༠ ལོར་བོད་ནས་བཙན་བྱོལ་དུ་ཡོང་སྟེ་སུ་ཇཱ་བོད་ཁྱིམ་ནང་སློབ་གཉེར་བྱེད་ཀྱིན་ཡོད། སུ་ཇཱ་བོད་ཁྱིམ་ལ་མཚོན་ན་ང་རང་གི་ནང་འདྲ་བོ་ཡིན་པའི་ཚོར་སྣང་བྱུང་། དགེ་རྒན་ཚོར་མཚོན་ནའང་སེམས་ཤུགས་ཆེན་པོས་གང་ཡོང་ཅི་ཐུབ་ཀྱིས་ང་ཚོར་སློབ་འཁྲིད་བྱེད་ཀྱི་འདུག་པས། དེའི་ཕྱོགས་ནས་མ་འགྲིག་པ་དང་མ་འཇོན་པ་དེ་འདྲ་བཤད་རྒྱུ་ཅི་ཡང་མེད། ཡིན་ནའང་འདི་ག་སློབ་གྲྭའི་སློབ་དེབ་མང་པོ་ཞིག་ལོ་རེ་བཞིན་འགྱུར་བ་གཏོང་གི་འདུག་པ་དེས་སོ་སོའི་སེམས་ནང་ལ་གོ་རིམ་བཞིན་སྦྱོང་འདོད་ཀྱི་འདུན་པ་དེ་འཁྲུག་འགྲོ་ཡི་འདུག གཞན་སློབ་ཚན་ལ་ཆ་མཚོན་ན་བོད་རང་གི་ལོ་རྒྱུས་འཐུས་ཚང་ཞིག་བཞག་ན་ཡག་པོ་འདུག་པར་མཐོང་སོང་།  ཅེས་བརྗོད་བྱུང་།

ཡང་ཁོ་མོས་བོད་ཕྱི་ནང་གི་དགེ་རྒན་ཚོའི་སློབ་འཁྲིད་ཀྱི་ཁྱད་པར་སྐོར་ལ། བོད་ནང་གི་དགེ་རྒན་ཚོའི་ལས་འགན་གཙོ་བོ་དེ་སློབ་འཁྲིད་བྱེད་པ་གཅིག་པུ་ཡིན་དུས། ཁོ་ཚོས་སློབ་མ་ཚོར་འཆར་ཅན་སློབ་ཚན་གཅིག་པུ་འཁྲིད་པ་མ་གཏོགས་ཞོར་དུ་སློབ་མ་ཚོར་དཔེ་ཀློག་དང་ཟུར་ཁྲིད་བྱེད་ཀྱི་མི་འདུག བཙན་བྱོལ་གྱི་དགེ་རྒན་ཚོས་སློབ་ཚན་གཅིག་པུ་མིན་པར་ཕྱོགས་ཡོངས་ནས་སློབ་མ་ཚོའི་སློབ་སྦྱོང་དང་སློབ་གསོ་གལ་ཆེན་དུ་འཛིན་གྱི་འདུག་པའི་ཚོར་སྣང་བྱུང་། ཞེས་ཟེར།

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༡༠/༠༥

Leave a Reply