ལྔ་དང་ལྔ་བཅུའི་ཚོཊ་འདུ་ལ་རྒྱལ་ཁབ་ ༢༡ ནས་ཚོཊ་བཅར་བ་ཡོད་འདུག

སྲིད་སྐྱོང་མཆོག་ནས་ལྔ་དང་ལྔ་བཅུའི་ཚོགས་འདུའི་ཐོག་དགོངས་ཚུལ་མ་འདྲ་བ་དང་། བསམ་བློ་གསར་པ། འཆར་གཞི་གསར་པ། རིག་པ་གསར་པ་དེ་འདྲ་ཡོང་རྒྱུར་རེ་བ་བྱེད་ཀྱི་ཡོད་སྐོར་གསུངས་སོང་།

དེ་རིང་སྔ་དྲོར་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དྭགས་པོ་བསོད་ནམ་ནོར་བུ་ལགས་རྣམ་གཉིས་ཀྱིས། སང་ཉིན་ནས་ཉིན་གྲངས་ ༣ རིང་འཚོགས་རྒྱུ་ཡིན་པའི་བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་ཚོགས་འདུའི་སྐོར་ལ་གསར་འགོད་གསལ་བསྒྲགས་ཤིག་གནང་སོང་ལ། གསལ་བསྒྲགས་ཐོག་ཕྱི་དྲིལ་ལས་ཁུངས་ནས་ལྔ་དང་ལྔ་བཅུ་མཚོན་ཐུབ་པའི་ལས་རྟགས་ཤིག་ངོ་སྤྲོད་དང་བརྙན་ཐུང་ཞིག་དབུ་འབྱེད་གནང་སོང་།

གསར་འགོད་གསལ་བསྒྲགས་ཀྱི་ཐོག་མར་སྲིད་སྐྱོང་མཆོག་ནས་ལྔ་དང་ལྔ་བཅུའི་ཚོགས་འདུ་དང་འབྲེལ་བའི་གསུང་བཤད་གནང་དོན།  ༧ གོང་ས་མཆོག་ནས་རེ་བ་བཟང་ས་ནས་རྒྱོབས། གྲ་སྒྲིག་སྡུག་ས་ནས་བྱོས་གསུངས་པ་ལྟར་བོད་མིའི་སྒྲིག་འཛུགས་དང་བོད་རྩ་དོན་ཆེད་ལོ་༥ ནང་ག་རེ་བྱ་དགོས་པ་དང་ག་རེ་བྱ་ཐུབ་པ། དེ་བཞིན་ལོ་༥༠ ནང་ལ་འཆར་གཞི་ག་རེ་འཐེན་དགོས་པ། གཙོ་ཆེ་ཤོས་ང་ཚོས་བྱེད་དགོས་པ་དེ་བོད་ནང་གི་གནད་དོན་ཞི་བའི་ཐོག་ནས་ག་འདྲ་བྱས་ཏེ་སེལ་ཐབས་བྱེད་དགོས་པ་ཆགས་ཡོད་དུས། མུ་མཐུད་ལོ་༥༠ གནས་དགོས་པ་ཡིན་ན་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་སེམས་ཤུགས་དང་སྙིང་སྟོབས། དེ་བཞིན་བོད་མིའི་ངོ་བོ་དེ་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ། རྒྱལ་སྤྱིའི་ཐོག་བོད་དོན་རྒྱབ་སྐྱོར་ཡོད་པ་དེ་མུ་མཐུད་གནས་ཐབས་དང་དེའི་ནུས་པ་གོང་འཕེལ་གཏོང་ཐབས། རྒྱ་གར་གཞུང་དམངས་གཉིས་ཀྱིས་ང་ཚོར་ད་ལྟ་བར་རོགས་རམ་གནང་བཞག་པ་དེ་མུ་མཐུད་གནས་ཐུབ་ཐབས། དེ་དག་ཚང་མའི་ཆེད་ང་ཚོས་ལྔ་དང་ལྔ་བཅུའི་འཆར་སྣང་ཞེས་པ་ཞིག་བཤད་བསྡད་ཡོད་པ་ལྟར། ཚོགས་ཆེན་དེའི་སྒང་རྒྱལ་སྤྱིའི་ཐོག་གི་གནད་ཡོད་མི་སྣ་མང་པོ་ཞིག་གདན་འདྲེན་གྱིས་དགོངས་ཚུལ་ག་རེ་ཡོད་པ་ཡིན་ན་གསུང་རོགས་ཞུས་ཏེ། ཁོ་ཚོས་དགོངས་ཚུལ་གསུངས་པ་གཞིར་བཞག་ཐོག་ལྔ་དང་ལྔ་བཅུར་ཕན་པ་ག་རེ་ཡོད་པ་བོད་མིའི་སྒྲིག་འཛུགས་ངོས་ནས་གང་ཐུབ་ལག་བསྟར་བྱ་རྩིས་ཡོད། ཅེས་གསུངས་སོང་།

ཡང་ལྔ་དང་ལྔ་བཅུའི་ཚོགས་འདུ་དེ་ཚོགས་དགོས་པའི་རྒྱུ་མཚན་དང་དེས་མ་འོངས་བོད་ཀྱི་ཆབ་སྲིད་ཀྱི་ཁ་ཕྱོགས་ལ་ཕན་ཐོགས་ཡོང་རེའི་སྐོར་གསུང་སྐབས། དེང་སང་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་ཡོད། རྒྱལ་སྤྱིའི་སྒང་ནས་རྒྱ་ནག་ལ་དོ་སྣང་ཞིག་སླེབས་ཡོང་གི་ཡོད་པ་དང་། རྒྱ་ནག་ལ་དོ་སྣང་སླེབས་པ་ཡིན་ན་རང་བཞིན་གྱིས་བོད་ལ་དོ་སྣང་སླེབས་ཀྱི་ཡོད་པ་རེད། དེ་ཡིན་དུས་ད་ཐེངས་ཀྱི་ཚོགས་འདུ་དང་འབྲེལ་ནས་གུང་ཁྲན་ཏང་གི་ཆབ་སྲིད་སྐོར་ལ་རྟོགས་ཐབས་དང་ཨེ་ཤ་ཡ་དང་རྒྱལ་སྤྱིའི་ཆབ་སྲིད་སྐོར་སོགས་རྟོགས་ཐུབ་པ་བྱས་ཏེ་བོད་དོན་དང་བོད་ནང་གི་བོད་མི་ཚོས་མངོན་འདོད་བསྒྲུབ་ཐབས་ལ་ག་རེ་བྱ་རྒྱུ་ཡོད་པའི་དགོངས་འཆར་དེ་དག་རྟོགས་ཐུབ་པ་བྱེད་ཀྱི་ཡོད་པ་དང་། ཚོགས་བཅར་བ་ཚོར་མཚོན་ན་ནམ་རྒྱུན་བོད་དོན་སྐོར་ལ་རྒྱབ་སྐྱོར་གནང་མཁན་དང་བོད་དོན་སྐོར་གྱི་ཚོགས་འདུར་ནམ་རྒྱུན་ཡོང་བསྡད་མཁན་དེ་འདྲ་མ་ཡིན་པར། སོ་སོའི་རྒྱལ་ཁབ་ནང་དུ་ལམ་སྟོན་མཁན་དང་མཁས་དབང་དེ་འདྲ་ཆགས་ཡོད་པ་རེད། དེ་ཡིན་དུས་ཁོ་ཚོས་བོད་དོན་སྐོར་ལ་དེ་ཙམ་མཁྱེན་གྱི་ཡོད་པ་མ་རེད་དེ་ཕྱི་ནས་གཟིགས་ཏེ་ང་ཚོར་ལམ་སྟོན་གནང་རོགས་ཞེས་ཞུས་པ་ཡིན། ཁོ་ཚོར་མཚོན་ན་རྒྱལ་སྤྱིའི་སྒང་ལ་མཁས་པ་དང་ཨེ་ཤ་ཡའི་སྒང་ལ་མཁས་པ། དེ་བཞིན་རྒྱ་གར་སྐོར་ལ་མཁས་པ་སོགས་ཡིན་དུས་ཁོ་རང་ཚོའི་དགོངས་ཚུལ་དེ་མ་འདྲ་བ་ཞིག་དང་། བསམ་བློ་གསར་པ། འཆར་གཞི་གསར་པ། རིག་པ་གསར་པ་དེ་འདྲ་ཡོང་རྒྱུར་རེ་བ་བྱེད་ཀྱི་ཡོད། ཅེེས་གསུངས་སོང་།

དེའི་རྗེས་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་ཚོགས་འདུའི་བརྗོད་གཞི་དང་གྲུབ་ཆ་ངོ་སྤྲོད་གནང་བ་ལྟར་ན།  ཚོགས་འདུ་(Pavilion)གསོལ་མགྲོན་ཁང་དུ་འཚོགས་རྒྱུ་ཡིན་པ་དང་། ཉིན་གསུམ་རིང་བརྗོད་གཞི་གཙོ་བོ་བཞི་གཏན་འབེབ་བྱས་ཡོད་པ་ལས། དང་པོ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་མཉམ་དུ་གཉིས་སྨན་དབུ་མའི་ལམ་གཞིར་བཞག་ཐོག་བོད་རྒྱ་ཞི་མོལ་ཡོང་ཐབས་དང་། གཉིས་པ་རྒྱ་གར་གཙོ་ཆེར་བྱས་ཏེ་བོད་དང་ཨེ་ཤ་ཡའི་བར་ལ་འབྲེལ་བ་དམ་ཟབ་ཐོག་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས། གསུམ་པ་རྒྱལ་སྤྱིའི་འབྲེལ་བ་དང་བོད་དོན་ཁྱབ་སྤེལ་སྐོར། བཞི་པ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ལྔ་དང་ལྔ་བཅུའི་འཆར་སྣང་ཐོག་འགན་ག་འདྲ་ཞིག་བཞེས་དགོས་མིན་བཅས་ཡིན་པ་དང་། བརྗོད་གཞི་རེ་རེའི་ཐོག་ཚོགས་བཅར་བ་ཚང་མས་གྲོས་བསྡུར་དང་དེ་ནས་ཚོགས་ཆུང་ཁག་བགོས་ཀྱིས་ཚོགས་ཆུང་རེ་རེའི་ངོས་ནས་དགོངས་འཆར་བྱུང་བ་ཕྱོགས་བསྡུས་བཅས་ཞུ་རྒྱུ་དང་། ཚེས་ ༧ ཉིན་༧གོང་ས་མཆོག་ཚོགས་མགོན་དུ་ཕེབས་ཏེ་བཀའ་སློབ་ལམ་སྟོན་གནང་རྒྱུ་ཡིན་འདུག

ཚོགས་འདུའི་ཐོག་ཁྱོན་ཚོགས་བཅར་བ་ ༡༨༤ ཕེབས་ཀྱི་ཡོད་པ་དང་། དེའི་ཁྲོད་དུ་བོད་རིགས་མ་ཡིན་པའི་ཚོགས་བཅར་བ་༨༢ དང་བོད་རིགས་ཡིན་པ་༤༢ ཡོད་འདུག་ལ། བོད་རིགས་ཚོགས་བཅར་བ་རྣམས་ནི་བཀའ་ཟུར་རྣམ་པ་དང་སྐུ་ཚབ་དོན་གཅོད་རྣམ་པ། དེ་བཞིན་ནམ་རྒྱུན་བོད་དོན་ཐོག་དོ་སྣང་ཡོད་མཁན་བོད་རིགས་ཁག་ཅིག གཞན་ཡང་། དྷ་རམ་ས་ལ་ནས་བཀའ་བློན་རྣམ་པ་དང་དྲུང་ཆེ་རྣམ་པ། ཕྱི་དྲིལ་གྱི་ལས་བྱེད་ཚང་མ་བཅས་ཁྱོན་རྒྱལ་ཁབ་མི་འདྲ་བ་ ༢༡ ནས་གནད་ཡོད་མི་སྣ་འཛོམས་ཀྱི་ཡོད་འདུག ཐེངས་འདིའི་ཚོགས་ཆེན་ཐོག་ཚོགས་བཅར་བ་རྣམས་ཀྱིས་དགོངས་འཆར་ལྷུག་པོ་ཡོང་ཆེད། གསར་འགོད་པ་མཉམ་ཞུགས་དང་བརྒྱུད་ལམ་ཁག་ཏུ་ཆེད་གཏོང་སོགས་མེད་པ་ཡིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༡༠/༠༥

Leave a Reply

7 thoughts on “ལྔ་དང་ལྔ་བཅུའི་ཚོཊ་འདུ་ལ་རྒྱལ་ཁབ་ ༢༡ ནས་ཚོཊ་བཅར་བ་ཡོད་འདུག

  1. དོན་གྲུབ་བཟང་པོ།

    ༄༅། ལྔ་དང་ལྔ་བཅུའི་ཚོགས་འདུ་ལམ་ལྷོང་ཡོང་བ་དང། ཚོགས་བཅར་བ་རྣམས་ལ་བཀྲིས་བདེ་ལེགས་ཞུ།།