བོད་པའི་བུ་མོ་ཞིག་ལ་རྒྱལ་སྤྱིའི་ལི་ས་ཤཱ་པི་རོའི་གཟེངས་རྟཊ་ཐོབ།

སྨན་པ་བསྟན་འཛིན་ཆོས་ལྡན་ལགས་ཀྱིས་མོའི་མི་ཚེ་ཧྲིལ་པོར་དུད་འགྲོའི་རང་དབང་དང་དཀར་ཟས་ལས་འགུལ་སྤེལ་རྒྱུར་ཆོད་སེམས་བརྟན་པོ་ཡོད་སྐོར་བརྗོད་བྱུང་།
 

ཟླ་འདིའི་ཕྱི་ཚེས་ ༢ ཉིན་བདེ་ལེགས་སྨན་ཁང་གི་སོའི་སྨན་པ་བསྟན་འཛིན་ཆོས་ལྡན་ལགས་ལ་རྒྱལ་སྤྱིའི་ལི་ས་ཤཱ་པི་རོའི་གཟེངས་རྟགས་ (Lisa Shapiro Award) ཐོབ་ཡོད་པ་དང་། དེ་ནི་སྨན་པ་བསྟན་འཛིན་ཆོས་ལྡན་ལགས་ཀྱིས་དྭང་བླངས་ཀྱི་སྒོ་ནས་བཞུགས་སྒར་དྷ་རམ་ས་ལར་དཀར་ཟས་ལས་འགུལ་ (Dharamsala Vegan Movement) སྤེལ་གྱི་ཡོད་པར་བརྟེན། ཨ་རིའི་ཀཱ་ལི་ཧྥོ་ནི་ཡའི་ (Califonia) པཱོ་ལི་ནེ་ཤན་ལས་གཞི་ཚོགས་པས་ (The Pollination Project) མོ་ལ་ལི་ས་ཤཱ་པི་རོ་ཞེས་པའི་གཟེངས་རྟགས་དེ་སྤྲད་ཡོད་འདུག

དེ་རིང་སྨན་པ་བསྟན་འཛིན་ཆོས་ལྡན་ལགས་ཀྱིས་འདི་གའི་གསར་འགོད་པར། ཐོག་མར་ལས་འགུལ་དེ་མགོ་བརྩམས་སྐབས། ཀང་ར་ནས་མི་གཅིག ཌེན་མག་རྒྱལ་ཁབ་ནས་མི་གཅིག ཕྱི་རྒྱལ་དུ་ཡོད་པའི་བོད་མི་གཅིག མོ་རང་དང་བཅས་མི་བཞིས་བཞུགས་སྒར་དྷ་རམ་ས་ལར་དཀར་ཟས་ལས་འགུལ་ (Dharamsala Vegan Movement) སྤེལ་བ་དང་། སྐབས་དེར་ང་ཚོས་ཟ་ཁང་ཁག་དང་གཙུག་ལག་ཁང་གི་སྒོ་འགྲམ། དེ་བཞིན་དཔའ་བོའི་རྡོ་རིང་གི་མདུན་ཐང་དང་ལྷ་རྒྱལ་རི་སོགས་ནས། ང་ཚོས་དམར་ཟས་སྤྱོད་པར་བརྟེན་སེམས་ཅན་གྱིས་སྡུག་པོ་ཚད་མེད་མྱོང་གི་ཡོད་སྟབས། ང་ཚོས་དཀར་ཟས་སྤྱོད་པའི་དགེ་ཕན་སྐོར་གློག་བརྙན་དང་པར་རིས་འགྲེམ་སྟོན་བྱས་པ་བརྒྱུད་ནས་མི་མང་ལ་གོ་རྟོགས་སྤེལ་བ་ཡིན། ཟླ་ཤས་རིང་ལས་འགུལ་དེ་ཧ་ཅང་ལེགས་པོར་སྤེལ་ཐུབ་སོང་། འོན་ཀྱང་བར་སྐབས་ནས་ཀང་རའི་མི་དེས་ཟ་ཁང་འཛིན་ཆེད་ལས་འགུལ་ནས་ཕྱིར་འཐེན་བྱས་པ་དང་། ཕྱི་རྒྱལ་བ་དང་བོད་མི་དེའང་རྒྱ་གར་ནང་སྡོད་པའི་མཐོང་མཆན་གྱི་དུས་ཡུན་རྫོགས་ཏེ་ཕྱིར་འགྲོ་དགོས་བྱུང་སྟབས། ང་རང་གཅིག་པུས་མུ་མཐུད་དེ་སེམས་ཤུགས་མ་ཆག་པར་ཉིན་གཅིག་གི་ཆུ་ཚོད་ལྔ་པའི་བར་བདེ་ལེགས་སྨན་དུ་ལས་ཀ་བྱེད་པ་དང་། ལས་ཀ་གྲོལ་རྗེས་གངས་སྐྱིད་དང་མེག་གྷན་སྲང་ལམ་ཁག་ཏུ་སྦྱར་ཡིག་བཀྲམས་ཏེ། མི་མང་ནང་དཀར་ཟས་དང་དུད་འགྲོའི་རང་དབང་སྐོར་ལ་གོ་རྟོགས་སྤེལ་གྱི་ཡོད་ལ། དམིགས་བསལ་རྒྱལ་སྤྱིའི་དུས་ཆེན་ཁག་གི་སྐབས་སུ་གཙུག་ལག་ཁང་དང་དེའི་ཉེ་འཁྲིས་སུ་རང་གི་ངོ་ཤེས་གྲོགས་པོ་ཚོ་དང་ལྷན་དུ་ལས་འགུལ་སྤེལ་ཐབས་བྱེད་ཀྱི་ཡོད། ད་བར་ངས་བཞུགས་སྒར་དྷ་སའི་ཉེ་འཁོར་གྱི་གྲྭ་བཙུན་དགོན་ཁག་ནང་དུད་འགྲོའི་རང་དབང་སྐོར་གྱི་གློག་བརྙན་བསྟན་ཏེ། དཀར་ཟས་སྤྱོད་དགོས་སྐོར་འགྲེལ་བཤད་བྱས་ཡིན། ཞེས་ཟེར།

   དཀར་ཟས་རིང་ལུགས་ (Veganism) སྐོར་ལ་མོས། ང་ཚོའི་སྤྱི་ཚོགས་ནང་དཀར་ཟས་རིང་ལུགས་གྱི་གོ་རྟོགས་ཧ་ཅང་ཞན་པོ་ཡོད་པ་རེད། ང་ཚོའི་སྤྱི་ཚོགས་ཁྲོད་དཀར་ཟས་རིང་ལུགས་ཟེར་དུས་ཤ་མེད་ཚོགས་པ་ལྟ་བུར་ངོས་འཛིན་བྱེད་ཀྱི་འདུག སྤྱིར་དབྱིན་སྐད་ནང་ (Veganism) ཟེར་བ་དེ་དམར་ཟས་ཁོ་ན་མིན་པར་སྒོ་ང་དང་འོ་མ། དེ་བཞིན་སྒོ་ང་དང་འོ་མས་རྒྱུ་ཆར་བྱས་ཏེ་བཟོས་པའི་བཟའ་བཅའ་དང་ལྤགས་རིགས་ཀྱིས་བཟོས་པའི་གྱོན་ཆས་སོགས་ལའང་གོ་ཡི་འདུག ང་ཚོ་ནི་ནང་པ་ཞིག་ཡིན་པ་དང་ནང་ཆོས་ཀྱི་སྙིང་པོ་ནི་བྱམས་པ་དང་སྙིང་རྗེ་ཡིན་སྟབས། འཛམ་གླིང་མི་མང་གིས་ང་ཚོ་ནི་དཀར་ཟས་རིང་ལུགས་པ་ལྟ་བུར་ངོས་འཛིན་བྱེད་ཀྱི་ཡོད་པར་མ་ཟད། བཞུགས་སྒར་དྷ་རམ་ས་ལར་ཆ་བཞག་ནའང་། ༧གོང་ས་མཆོག་གི་བཞུགས་སྒར་དང་། ཁོང་གི་གསུང་ཆོས་གསུང་ས་གཙོ་བོ་ཆགས་ཀྱི་ཡོད་སྟབས། ང་རང་གིས་དྷ་རམ་ས་ལ་ནི་རྒྱ་གར་བྱང་ཕྱོགས་ཀྱི་ཧིན་རྡུའི་གནས་ཆེན་རི་ཤི་ཀེ་ཤ་ (Rishikhesh) ནང་བཞིན་དམར་ཟས་མ་སྤྱོད་པའི་གནས་ཤིག་ཆགས་ན་བསམ་གྱི་འདུག མ་ཟད་ངས་ལས་འགུལ་དེ་མི་ཚེ་ཧྲིལ་པོར་སྤེལ་རྒྱུའི་ཆོད་སེམས་བརྟན་པོ་ཡོད། ཅེས་བརྗོད་བྱུང་།

སྨན་པ་ཟླ་བ་སྒྲོལ་དཀར་རམ་བསྟན་འཛིན་ཆོས་ལྡན་ལགས་ནི་རྒྱ་གར་ལྷོ་ཕྱོགས་ཀྱི་མོན་གྷོ་བོད་མིའི་གཞིས་ཆགས་སུ་སྐྱེས་པ་དང་། ད་ལྟ་བདེ་ལེགས་སྨན་ཁང་གི་སོའི་སྨན་པ་ཡིན་ཞིང་། མོས་འདས་པའི་ལོ་ངོ་ ༤ རིང་བཞུགས་སྒར་དྷ་རམ་ས་ལར་དུད་འགྲོའི་རང་དབང་དང་དཀར་ཟས་ལས་འགུལ་ (Veganism) སྤེལ་བཞིན་ཡོད་འདུག ལས་འགུལ་དེ་ཡང་ཁོང་མོས་ངོ་དེབ་སོགས་སྤྱི་ཚོགས་བརྒྱུད་ལམ་དུ་ཤུགས་ཆེན་པོ་སྤེལ་བར་བརྟེན་མི་མང་གིས་ཁོང་མོའི་ལས་འགུལ་ལ་དོ་སྣང་དང་རྒྱབ་སྐྱོར་བྱས་པ་བརྒྱུད། ད་ལོའི་དུད་འགྲོའི་རང་དབང་སྲུང་སྐྱོབ་དང་དཀར་ཟས་ལས་འགུལ་གྱི་གཟེངས་རྟགས་དེ་སྤྲད་ཡོད་འདུག

ལི་ས་ཤཱ་པི་རོ་ཞེས་པ་ནི་བུད་མེད་ཅིག་གི་མིང་ཡིན་པ་དང་། བུད་མེད་དེས་ཨ་རིའི་ནང་དུད་འགྲོའི་རང་དབང་དང་དཀར་ཟས་ལས་འགུལ་ཤུགས་ཆེན་པོར་སྤེལ་སྟབས། པཱོ་ལི་ནེ་ཤན་ལས་གཞིའི་ཚོགས་པས་ཁོང་མོར་རྒྱབ་སྐྱོར་མཚོན་བྱེད་ཕྱི་ལོ་ ༢༠༡༤ ལོར་གཟེངས་རྟགས་ཤིག་ཕུལ་ཡོད་ཀྱང་། ཁོང་མོ་ཡུན་རིང་འཚོ་བཞུགས་མ་ཐུབ་པར་འདས་གྲོངས་སུ་ཕྱིན་ཡོད་པར་བརྟེན། ཁོང་མོའི་རྗེས་དྲན་གྱི་ཆེད་དུ་གཟེངས་རྟགས་དེའི་མིང་ལ་ལི་ས་ཤཱ་པི་རོ་ཞེས་བཏགས་ཡོད་འདུག ལི་ས་ཤཱ་པོ་རོའི་ཞེས་པའི་གཟེངས་རྟགས་དེ་ནི་ལོ་ལྟར་འཛམ་གླིང་ནང་མ་བསྐུལ་དྭང་བླངས་ཀྱི་ཐོག་ནས་དུད་འགྲོའི་རང་དབང་དང་དཀར་ཟས་ལས་འགུལ་ (Animals right / Veganism) སྤེལ་མཁན་ཚོར་མང་མོས་འོས་ཤོག་གི་ལམ་ནས་སྤྲོད་ཀྱི་ཡོད་པ་ཞིག་ཡིན་འདུག

                                     གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༡༠/༠༦

Leave a Reply

6 thoughts on “བོད་པའི་བུ་མོ་ཞིག་ལ་རྒྱལ་སྤྱིའི་ལི་ས་ཤཱ་པི་རོའི་གཟེངས་རྟཊ་ཐོབ།

  1. རྒྱུད་གྲྭ་བློ་བཟང་དབང་འདུས།

    ལས་འགུལ་དེ་འདྲ་སྤེལ་བ་ཤིན་ཏུ་བཟང་། ཨོཾ་མ་ཎི་པདྨེ་ཧཱུཾ། མོ་མོ་plate གཅིག་བྱེད། ཤབ་བཀྲག་ plate གཅིག་བྱེད།