ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཁཱ་ཙོ་ཨེ་ཤཱེ་གྷུ་རའོ་ལ་ཐོབ།

ཉི་ཧོང་གི་སྒྲུང་གཏམ་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་ཁཱ་ཙོ་ཨེ་ཤཱེ་གྷུ་རའོ་ལགས་སུ་ཕྱི་ལོ་ ༢༠༡༧ ལོའི་ནོ་བྷེལ་རྩོམ་རིག་གཟེངས་ཐོབ་འདུག

རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་ ༢༠༡༧ ལོའི་ནོ་བྷེལ་རྩོམ་རིག་གཟེངས་རྟགས་དེ་ཉི་ཧོང་གི་སྒྲུང་གཏམ་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་ཁཱ་ཙོ་ཨེ་ཤཱེ་གྷུ་རའོ་ (Kazuo Ishiguro) ལགས་ལ་ཐོབ་ཡོད་པ་དང་། སྐུ་ཞབས་ཁཱ་ཙོ་ཨེ་ཤཱེ་གྷུ་རའོ་ལགས་ཀྱིས། འཛམ་གླིང་འདི་རྟོགས་དཀའ་བ་ཞིག་ཏུ་འགྱུར་བའི་གནས་སྐབས་འདིར། ནོ་བྟེལ་གཟེངས་རྟགས་ལ་བརྟེན་ནས་འཛམ་གླིང་ལ་བཟང་ཕྱོགས་ཀྱི་འཕོ་འགྱུར་འགྲོ་ཐུབ་པར་ངས་རེ་བ་བྱེད་ཀྱི་ཡོད། ཅེས་བརྗོད་འདུག

སི་ཝེ་ཌིན་ནོ་བྷེལ་རྩོམ་རིག་ཞིབ་འཇུག་གླིང་ (Swedish Academy) གིས། སྒྲུང་གཏམ་རྩོམ་པ་པོ་ཁོང་ནི། སི་ཝེ་ཌིན་ནོ་བྷེལ་རྩོམ་རིག་ཞིབ་འཇུག་གླིང་གི་རྩོམ་པ་པོའི་གྲས་སུ་འདེམས་ཐོན་བྱུང་བ་ཞིག་ཡིན་ལ། ཁོང་གིས་རླབས་ཆེ་བའི་བརྩེ་དུང་གི་སྟོབས་ཤུགས་དེས་བརྩམས་སྒྲུང་བརྒྱུད་ནས། ང་ཚོའི་འཕྲུལ་སྣང་དེ་འཇིག་རྟེན་གྱི་གཡང་གཟར་དང་འབྲེལ་བའི་ཉེས་མཚང་ཐེར་འདོན་བྱས་འདུག ཅེས་གདེངས་འཇོག་ཆེན་པོ་གནང་འདུག

སྐུ་ཞབས་ཁཱ་ཙོ་ཨེ་ཤཱེ་གྷུ་རའོ་ལགས་ནི་ད་ལྟ་དགུང་ལོ་ ༦༢ ཡིན་པ་དང་། ཕྱི་ལོ་ ༡༩༥༤ ལོར་ཉི་ཧོང་གི་ནུབ་བྱང་གྲོང་ཁྱེར་ནཱ་གྷ་སཱ་ཁེ་ (Nagasaki) ནང་སྐྱེས་པ་དང་། ༡༩༦༠ ལོར་ཁོང་གི་ནང་མི་དབྱིན་ཡུལ་དུ་གནས་སྤོ་བྱས་ཡོད་འདུག དབྱིན་ཡུལ་དུ་ཁོང་གིས་ཁིན་ཊི་གཙུག་ལག་སློབ་ཆེན་ (University of Kent) ནས་དབྱིན་ཇིའི་སྐད་ཡིག་དང་མཚན་ཉིད་རིག་པའི་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་། ཕྱི་ལོ་ ༡༩༨༠ ལོར་ཤར་ཨན་གྷི་ལེ་ཡ་གཙུག་ལག་སློབ་ཆེན་ (University of East Anglia) ནང་རྩོམ་རིག་གསར་རྩོམ་གྱི་འབུམ་རམས་པའི་ཐོབ་ཐང་བླངས་འདུག ཕྱི་ལོ་ ༡༩༨༢ ལོར་ཁོང་གི་སྒྲུང་དེབ་ཐོག་མ་ <<རི་ལྗོངས་སྐྱ་བོ་>>(A Pale View of Hills) ཅེས་པ་དང་། ཕྱིས་སུ་བརྩམས་པའི་<<ཉིན་ལྷག་མ་དེར་>> (The Remains of the Day) ཅེས་པའི་སྒྲུང་དེབ་གཉིས་ལ་རྩོམ་རིག་གཟེངས་རྟགས་ (Booker Prize) ཐོབ་པར་མ་ཟད། <<ང་འགྲོ་རུ་མ་འཇུག་>> (Never Let Me Go) ཅེས་པའི་སྒྲུང་དེབ་དེ་ ༢༠༠༥ ལོའི་རྒྱལ་སྤྱིའི་སྒྲུང་དེབ་ལེགས་གྲས་སུ་བདམས་འདུག

སྐུ་ཞབས་ཁཱ་ཙོ་ཨེ་ཤཱེ་གྷུ་རའོ་ལགས་ཀྱིས་སྔ་རྗེས་སུ་ཁྱོན་སྒྲུང་དེབ་ ༨ བརྩམས་པར་རྒྱལ་སྤྱིའི་ཀློག་པ་པོས་དགའ་བསུ་དང་གདེང་འཇོག་མཐོན་པོ་ཐོབ་ཡོད་པ་དང་། སྒྲུང་དེབ་དེ་དག་འཛམ་གླིང་གི་སྐད་ཡིག་ ༤༠ ནང་བསྒྱུར་བསྐྲུན་བྱས་ཡོད་པར་མ་ཟད། སྒྲུང་དེབ་ཁག་ཅིག་གློག་བརྙན་ནང་ཕབ་བསྐྲུན་བྱས་ཡོད་འདུག མ་ཟད་<<ཉིན་ལྷག་མ་དེར་>> (The Remains of the Day) དང་<<ང་འགྲོ་རུ་མ་འཇུག་>> (Never Let Me Go) ཅེས་པའི་སྒྲུང་དེབ་གཉིས་ནི་རྩོམ་པ་པོའི་ཚབ་མཚོན་སྒྲུང་དེབ་གཙོ་བོ་ཡིན་པར་ངོས་འཛིན་བྱེད་ཀྱི་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༡༠/༠༦

Leave a Reply

One thought on “ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཁཱ་ཙོ་ཨེ་ཤཱེ་གྷུ་རའོ་ལ་ཐོབ།