ཧི་མ་ལ་ཡའི་མཛངས་མ་འགྲན་སྡུར།

སྐབས་ལྔ་པའི་ཧི་མ་ལ་ཡའི་མཛངས་མ་འགྲན་སྡུར་ནང་བོད་རིགས་བུ་མོ་གཅིག་ཚུད་པའི་འགྲན་ཞུགས་གཞོན་ནུ་མ་དགུ་འདུག

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་། དྷ་སར་ཡོད་པའི་བོད་ཀྱི་མཛངས་མ་གོ་སྒྲིག་པ་བློ་བཟང་དབང་རྒྱལ་གྱི་པར་ཁང་དུ། སྐབས་ལྔ་པའི་ཧི་མ་ལ་ཡའི་མཛངས་མ་འགྲན་སྡུར་མགོ་འཛུགས་ཀྱི་གསར་འགོད་གསལ་བསྒྲགས་བྱས་སོང་བ་དང་། ཟླ་འདིའི་ཕྱི་ཚེས་ ༨ ཉིན་གྱི་ཕྱི་དྲོར་བོད་ཀྱི་ཟློས་གར་ཐང་ཆེན་དུ་མཐའ་མའི་དཔྱད་འདེམས་ཀྱི་མཛད་སྒོ་འཚོགས་རྒྱུ་ཡིན་འདུག

ཐེངས་འདིའི་འགྲན་ཞུགས་པ་དགུ་ནི། བལ་ཡུལ་རྒྱལ་ས་ཀཱ་ཏ་མན་ཌུ་ (Kathmandu) ནས་ཡིན་པའི་བོད་རིགས་བུ་མོ་བཀྲ་ཤིས་ལྷ་མོ་དང་། རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེ་ནས་ཡིན་པའི་རྒྱ་གར་བུ་མོ་ཨེ་ཤཱ་གྷུ་རུང་ (Aaish Gugrung)། ཨ་ཁཱན་ཤཱ་མཱ་ཧ་ཊ་ (AKansha Mahat)། ཁཱལ་ཙང་བྷུ་ཊེ་ཐཱ་ (Kalzang Butith)། མན་ནཱར་ཐཱ་ཁུར་ (Mannar Thakur) དང་མཱོ་ནེ་ཁཱ་ནཱི་གྷེ་ (Monika Negi)། པཱ་ལཱག་ཐཱ་ཁུར་ (Palak Thakur)། ཕཱ་རིག་ཤཱ་ར་ན་ (Preksha Rana)། སེམ་རན་མཱི་ཊ་ (Simran Mehta) བཅས་རེད།

མཛངས་མ་འགྲན་སྡུར་ལ་རིམ་པ་ལྔ་ཡོད་པའི་དང་པོ་ཧི་མ་ལ་ཡ་རི་རྒྱུད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་མི་མང་འཆམ་མཐུན་ཡོང་ཐབས་ཀྱི་བརྗོད་གཞིའི་ཐོག་ནས་གཏམ་བཤད་དང་། གཉིས་པ་གླུ་གཞིས་སྒྱུ་རྩལ་འཁྲབ་སྟོན། གསུམ་པ་རྟིང་རྩོད་འགྲན་སྡུར་ཉིན་བོད་ཀྱི་ཟློས་གར་ཁང་དུ་རྒྱ་ཆེའི་ལྟད་མོ་བ་རྣམས་ལ་འགྲན་ཞུགས་པ་རང་ཉིད་ངོ་སྤྲོད། བཞི་བ་འགྲན་ཞུགས་པ་སོ་སོའི་ཐུན་མིན་གྱི་གྱོན་ཆས་འགྲེམ་སྟོན། ལྔ་པ་གཟུ་དཔང་པའི་དྲི་བར་ལན་འདེབས་བཅས་བྱ་དགོས་པ་དང་། འགྲན་སྡུར་ཁྲོད་ཨང་དང་པོ་ཐོབ་མཁན་ལ་བྱ་དགའ་ཧིན་སྒོར་འབུམ་གཅིག་དང་། ཨང་གཉིས་པར་ཧིན་སྒོར་ཁྲི་ལྔ། ཨང་གསུམ་པར་ཧིན་སྒོར་ ༢༥༠༠༠ བཅས་སྤྲོད་རྒྱུ་ཡིན་འདུག

འགྲན་སྡུར་གོ་སྒྲིག་པ་བློ་བཟང་དབང་རྒྱལ་ལགས་ཀྱིས་གསར་འགོད་པར། ཧི་མ་ལ་ཡའི་མཛངས་མ་འགྲན་སྡུར་གྱི་དགོས་པ་རྒྱུ་མཚན་གཙོ་བོ་གསུམ་ཏེ། གཅིག ཧི་མ་ལ་ཡ་རི་རྒྱུད་ཀྱི་མི་མང་འཆམ་མཐུན་ཡོང་ཐབས་དང་། གཉིས། བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་གཏོང་ཐབས། གསུམ། ཧི་མ་ལ་ཡའི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཡོང་བཅས་ལ་དམིགས་པ་ཞིག་ཡིན་པ་དང་། ད་ཆར་བལ་ཡུལ་དང་ལ་དྭགས། ཨ་རུ་ན་ཅལ་སོགས་ནང་མི་རིགས་དང་ཆོས་ལུགས་ཕན་ཚུན་བར་ཡོང་བཞིན་པའི་དཀའ་རྙོག་སེལ་ཐབས་ནི། ཁ་ནས་འདྲ་ཆགས་ཆགས་ཤིག་གསུངས་པ་ཙམ་མིན་པར་ཁ་ཡོད་ལག་ཡོད་ཀྱིས་མི་མང་འཆམ་མཐུན་དང་། སྤྱི་ཚོགས་འབྲེལ་ལམ་ཡར་རྒྱས་གཏོང་བར་མཛངས་མ་འགྲན་སྡུར་ལྟ་བུའི་སྤྱི་ཚོགས་བྱེད་སྒོ་ཁག་ལ་བརྟེན་དགོས་སྐོར་བརྗོད་སོང་།

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༡༠/༠༦

Leave a Reply