བོད་ནང་བཙན་གནོན་དམ་དྲག་བྱེད་བཞིན་པའི་སྙན་ཐོ་བཏོན།

ཨ་རིའི་གྲོས་ཚོགས་ནས་ཕྱི་ལོ་ ༢༠༡༧ ལོའི་རྒྱ་ནག་སྐོར་གྱི་སྙན་ཐོའི་ནང་བོད་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལའང་དྲག་དམག་གིས་བཙན་གནོན་བྱེད་བཞིན་ཡོད་སྐོར་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་༥ ཉིན་ཨ་རིའི་གྲོས་ཚོགས་ནས་ཕྱི་ལོ་ ༢༠༡༧ ལོའི་རྒྱ་ནག་སྐོར་གྱི་ཤོག་བུ་ ༣༠༠ ལྷག་ཡོད་པའི་ལོ་འཁོར་སྙན་ཐོ་ཞིག་འགྲེམས་སྤེལ་གནང་ཡོད་པ་དང་། སྙན་ཐོ་དེའི་ནང་ད་ལྟ་རྒྱ་ནག་གི་དབང་འོག་ཏུ་ཡོད་པའི་བོད་དང་ཡུ་གུར། ཧོང་ཀོང་། ཨོ་མིན་བཅས་དམིགས་སུ་བཀར་ཏེ། དེ་དག་གི་ནང་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག དཔལ་འབྱོར་འཕེལ་རྒྱས། འཆར་ལྡན་བུ་སྐྱེས། ཁྲིམས་ལུགས་དྲང་བདེན་སོགས་ཀྱི་སྐོར་ལ་ཞིབ་འཇུག་བྱས་ཡོད་པ་དང་། བོད་དོན་སྐོར་གྱི་ཞིབ་འཇུག་སྙན་ཐོའི་ནང་བོད་ནང་མུ་མཐུད་དྲག་གནོན་དང་གདུག་རྩུབ་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་པ་དང་། བོད་མི་ཚོའི་ནམ་རྒྱུན་གྱི་འགྲོ་འདུག་སྤྱོད་གསུམ་དང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལའང་དྲག་དམག་གིས་བཙན་གནོན་བྱེད་བཞིན་ཡོད་སྐོར་བརྗོད་འདུག

དེ་ཡང་སྙན་ཐོའི་ནང་དུ་རྒྱ་ནག་གིས་མུ་མཐུད་བོད་ནང་དུ་བཙན་གནོན་དང་དམ་དྲག་གིས་བོད་མི་ཚོའི་ཆོས་ལུགས་དད་མོས་རང་དབང་ལ་བརྡབ་གསིག་གཏོང་གི་ཡོད་པ་དང་། ཞི་བའི་ངང་སྨྲ་བརྗོད་རང་དབང་དང་བོད་ཀྱི་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་ཆེད་ལས་འགུལ་སྤེལ་མཁན་ཚོར་བཙོན་བཅུག་ཁྲིམས་ཐག་གཅོད་བཞིན་འདུག བོད་ཀྱི་སྐད་ཡིག་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་ཀློད་གྲོལ་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་ལ། ཞི་བའི་ངང་ནས་སྐད་གཉིས་སློབ་གསོ་དགོས་པའི་ཞུ་གཏུགས་ནི་རྒྱ་ནག་དང་རྒྱལ་སྤྱིའི་ཁྲིམས་ལུགས་དང་མཐུན་པ་ཞིག་ཡིན་སྟབས། དེ་ནི་ནག་ཉེས་ཅན་ཞིག་མིན་པ་རེད། ཅེས་བརྗོད་འདུག

ཡང་སྙན་ཐོའི་ནང་ཊི་རིམ་ཕི་མཆོག་གི་འཛིན་སྐྱོང་དང་གྲོས་ཚོགས་གཉིས་མཉམ་འབྲེལ་གྱིས་རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་ནང་གསར་འགོད་རང་དབང་དང་། ལྷ་སར་ཨ་རིའི་ཕྱི་འབྲེལ་ལས་ཁུངས་འཛུགས་རྒྱུ་སོགས་ཚུད་པའི་རྒྱ་ནག་གཞུང་དང་ཏཱ་ལའི་བླ་མའི་སྐུ་ཚབ་བར་འབྲེལ་མཐུད་བསྐྱར་གསོ་ཡོང་རྒྱུ་བཅས། ཕྱི་ལོ་ ༢༠༠༢ ལོའི་བོད་དོན་རྒྱབ་སྐྱོར་སྲིད་བྱུས་ཀྱི་དགོངས་དོན་ཆ་ཚང་ལག་བསྟར་ཡོང་བར་ཤུགས་སྣོན་བརྒྱབ་དགོས་པ་དང་། སྲིད་འཛིན་ཊི་རུམ་ཕི་མཆོག་གི་གཙོའི་འཛིན་སྐྱོང་ལས་ཁུངས་ཀྱིས་མ་འོངས་པར་ཏཱ་ལའི་བླ་མ་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལ་མཇལ་འཕྲད་གནང་དགོས་པ་དང་། ཨ་རིའི་བོད་དོན་སྐོར་གྱི་སྲིད་ཇུས་( S. 821/H.R. 1872, 115th Cong., 1st Sess.) ནང་གསལ་ལྟར་ཕྱོགས་གཉིས་ཕན་ཚུན་བར་འགྲོ་བསྐྱོད་དང་མཉམ་ལས་ཡོང་ཐབས་བྱ་དགོས་སྐོར་སོགས་འཁོད་ཡོད་འདུག

མཇུག་ཏུ་རེ་སྐུལ་ཞུ་རྒྱུར་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་རང་དབང་སྐུ་ཚབ་ཚོགས་པ་ཞིག་འབོད་འགུག་གིས་པཎ་ཆེན་སྐུ་ཕྲེང་༡༡ པ་དགེ་འདུན་ཆོས་ཀྱི་ཉི་མར་ཐུག་འཕྲད་ཞུ་འཇུག་དགོས་པ་དང་། ཕྱི་ལོ་ ༡༩༩༥ ལོའི་ཟླ་༥ པའི་ཚེས་༡༧་ནས་ཁོང་གར་སོང་ཆ་མེད་དུ་གྱུར་ནས་ད་ལྟ་ཁོང་གི་ཕ་མ་གཉིས་དང་ཁོང་སུ་ལ་ཡང་ཐུག་འཕྲད་མེད་པར་བཙོན་པ་ལྟ་བུར་གྱུར་ནས་ཡོད་སྐོར་དང་། རྒྱ་ནག་གཞུང་གིས་ཡུལ་སྐོར་བ་ཚོར་མཐོང་སྣང་ཡག་པོ་ཡོང་ཆེད་བོད་ནང་འཛུགས་སྐྲུན་ལས་འཆར་དང་། གཞིས་གྲོང་གསར་བརྒྱག་བྱེད་བཞིན་པ་སོགས་མཚམས་འཇོག་དགོས་སྐོར་འཁོད་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༡༠/༠༦

Leave a Reply