ཨ་རུ་ན་ཅལ་གྱི་ཡུལ་མིས་ངོ་རྒོལ་བྱེད་ཀྱི་འདུག

ཨ་རུ་ན་ཅལ་མངའ་སྡེའི་སློབ་ཕྲུག་མཐུན་ཚོགས་ཟེར་བ་ཞིག་གིས་ས་གནས་གཞུང་གིས་དེར་ཡོད་སྐྱབས་བཅོལ་བོད་མི་ཚོར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་པར་ངོ་རྒོལ་བྱེད་བཞིན་འདུག

རྒྱ་གར་བྱང་ཤར་མངའ་སྡེ་ཨ་རུ་ན་ཅལ་གྱི་ས་གནས་སློབ་ཕྲུག་མཐུན་ཚོགས་ཟེར་བ་དེའི་གོ་སྒྲིག ཁ་སང་མི་མང་གིས་ས་གནས་གཞུང་དང་ཡུལ་དེའི་བཙན་བྱོལ་བོད་མི་ཚོར་ངོ་རྒོལ་བྱས་ཏེ།  མངའ་སྡེ་གཞུང་གིས་ཕྱི་ལོ་ ༢༠༡༤ ལོའི་བོད་མིར་གཞི་ཆགས་གསར་འཛུགས་ཀྱི་སྲིད་ཇུས་ཅེས་པ་མཚམས་འཇོག་བྱེད་དགོས་པ་མ་ཟད།  བོད་མི་སྐྱབས་བཅོལ་བ་ཚོས་ས་གནས་མི་མང་གི་ཐོབ་ཐང་དང་ཁེ་སྤོགས་འཕྲོག་བཞིན་ཡོད་སྟབས།  བོད་རིགས་སོགས་སྐྱབས་བཅོལ་བ་རྣམས་རང་གནས་སུ་ཕྱིར་ལོག་དགོས་སྐོར་བརྗོད་ཡོད་འདུག

ཨ་རུ་ན་ཅལ་སློབ་ཕྲུག་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྐལ་གླིང་མོ་ཡོང་(Kaling Moyong)གྱིས།  མངའ་སྡེ་གཞུང་གིས་ཕྱི་ལོ་ ༢༠༡༤ ལོའི་བཙན་བྱོལ་་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་གཏན་འབེབས་བྱས་པ་ནི་ང་ཚོས་སེམས་ཁྲེལ་བྱེད་སའི་གནད་དོན་ཞིག་ཆགས་ཡོད།  རྒྱུ་མཚན་ནི།  མངའ་སྡེ་གཞུང་གིས་ཕྱི་ནས་ཡོང་བའི་སྐྱབས་བཅོལ་བའི་བདེ་སྡུག་གལ་ཆེན་དུ་རྩིས་ཏེ། ས་གནས་མི་མང་གི་བདེ་སྡུག་ལ་སྣང་མེད་གཏོང་བཞིན་ཡོད་སྟབས།  བོད་པ་དང་ཆཱག་མཱ(Chakma)། དེ་བཞིན། ཧཱ་ཇོན་(Hajong)བཅས་ཕྱི་མི་ཚོར་ང་ཚོའི་ས་ཆའི་བདག་དབང་ཐོབ་ཏུ་འཇུག་གི་མིན།  ཞེས་བརྗོད་འདུག

ཡང་མོ་ཡོང་གིས། གཞུང་གིས་སྲིད་བྱུས་དེ་ལག་བསྟར་བྱས་པ་ཡིན་ན། རྒྱ་གར་དབུས་དང་མངའ་སྡེ་སོགས་ནས་གྲོང་གསེབ་ཁག་ལ་གནང་བའི་རོགས་སྐྱོར་ཚང་མ་སྐྱབས་བཅོལ་བའི་འཕྲོག་འགྲོ་ཡི་ཡོད་པ་མ་ཟད། དེས་ཨ་རུ་ན་ཅལ་དུ་མི་རིགས་ཁག་བར་འདྲ་མཉམ་མིན་པའི་སྣང་ཚུལ་བསྐྲུན་བཞིན་ཡོད། ཅེས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ཚོགས་ཆུང་དང་། གཞན་ཚོགས་སྡེ་ཁག་མང་པོ་ཞིག་གི་རོགས་སྐྱོར་འོག   བོད་པ་ཚོ་འཛམ་གླིང་ནང་གི་ཁེ་སྤོགས་མང་ཤོས་ཐོབ་མཁན་གྱི་སྐྱབས་བཅོལ་བ་དེ་རེད།  ཅེས་བརྗོད་འདུག

ཕྱི་ལོ་ ༢༠༡༤ ལོའི་བཙན་བྱོལ་བོདམིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ནི། ཕྱི་ལོ་ ༢༠༡༤ ཟླ་ ༨ པའི་ནང་རྒྱ་གར་དབུས་གཞུང་གིས་ངོས་ལེན་གནང་སྟེ་ཡོངས་གྲགས་གཏན་འབེབས་བྱས་ཡོད་པ་རེད།  ཨ་རུ་ན་ཅལ་ནི་བོད་མི་འདུས་སྡོད་བྱེད་སའི་རྒྱ་གར་མངའ་སྡེ་ཨང་བཞི་པ་དེ་ཡིན་ཞིང་། ཡུལ་དེའི་གཞིས་ཆགས་ཁག་བཞི་ཡི་ནང་ཁྱོན་བོད་མི་ ༧༠༠༠ ཙམ་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༧/༡༠/༠༧

Leave a Reply

One thought on “ཨ་རུ་ན་ཅལ་གྱི་ཡུལ་མིས་ངོ་རྒོལ་བྱེད་ཀྱི་འདུག

  1. སྔ་ཕྱི་ཙམ་ལས་རྒྱ་གར་གནས་སྡོད་བོད་མི་ཚང་མ་ལམ་ཁ་དེ་ལ་འགྲོ་རྒྱུ་རེད།ད་ལྟ་བོད་མི་ཚོ་མི་གཅིག་རང་གིས་སྐྱབས་བསྡད་ཡོད་པ་རེད།དེ་ནས་གང་བྱེད་ཧ་གོ་གསལ་རེད།ཙམ་ཟན་པ་ཚོ།