རི་སྐྱེས་སྲོག་ཆཊ་གསོད་རྨས་བཏང་།

རླངས་འཁོར་གཉིས་ཀྱིས་བོད་བྱང་ཐང་ཁུལ་གྱི་གཙོད་ཁྱུའི་ནང་གང་བྱུང་བརྒྱུགས་ཏེ་གཙོད་ཁ་ཤས་བསད་རྨས་བཟོས་ཡོད་འདུག

དེ་རིང་ངོ་དེབ་དང་སྐད་འཕྲིན་སོགས་སྤྱི་ཚོགས་བརྒྱུད་ལམ་དུ་གནས་ཚུལ་ཐོན་པ་ལྟར། བོད་ཀྱི་བྱང་ཐང་ཁུལ་དུ་བག་གཡེང་དུ་འཚོ་གནས་བྱས་ཡོད་པའི་རི་སྐྱེས་གཙོད་ཁྱུའི་ནང་དུ། རླངས་འཁོར་དཀར་པོ་གཉིས་གང་བྱུང་བརྒྱུགས་ཏེ་གཙོད་ཁ་ཤས་གསོད་རྨས་བཏང་ཡོད་པ་དང་། ཕྱིས་སུ་རླངས་འཁོར་དེ་གཉིས་ལྷ་སའི་ཀྲུའུ་ཅི་ཞེས་པའི་གསོལ་མགྲོན་ཁང་ཞིག་གི་སྒོ་འགྲམ་དུ་བཞག་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་མ་ཟད།  རླངས་འཁོར་གཉིས་(沪B.YH156) དང་ 苏D. A5H17) རྟགས་ཅན་ཞིག་ཡིན་པ་འདྲ་པར་དུ་བླངས་ཏེ་སྤྱི་ཚོགས་དྲ་ལམ་དུ་བཀྲམས་འདུག

བྱང་ཐང་ཁུལ་ནི་བོད་རིགས་ཞིང་འབྲོག་མི་མང་གི་འཚོ་རྟེན་ས་ཞིང་དང་རྟ་ནོར་ལུག་གསུམ། རི་སྐྱེས་སྲོག་ཆགས་སྣ་ཚོགས་འཚོ་གནས་བྱེད་ས་གཙོ་བོ་ཞིག་ཡིན་པ་མ་ཟད། ས་ཆ་དེར་ད་དུང་རང་བྱུང་གི་མཚོ་དང་མཚེའུ་ཡང་ཆེ་ཆུང་མང་པོ་ཡོད་པའི་མཛེས་ལྗོངས་ངོ་མཚར་བ་ཞིག་ཡིན་འདུག བྱང་ཐང་གི་སའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་འབུམ་གསུམ་ལྷག་དང་། རྒྱ་མཚོའི་ངོས་ལས་མཐོ་ཚོད་ལ་སྨི་ལྔ་སྟོང་ལྷག་ཡོད་འདུག

ཕྱི་ལོ་ ༢༠༡༥ ལོ་ནས་རྒྱ་ནག་གཞུང་གིས་བོད་ཀྱི་བྱང་ཐང་དེ་རྒྱལ་ཁབ་རིམ་པའི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ས་ཁུལ་གྱི་གྲས་སུ་བཞག་ཡོད་པ་དང་། འགྲོ་གྲོན་ཨ་སྒོར་ས་ཡ་ ༤༣ ཙམ་བཏང་ནས་རང་བྱུང་ཁོར་ཡུག་སྲུང་སྐྱོབ་དོ་དམ་ས་ཚུགས་ ༧༣ ལྷག་བཙུགས་ཡོད་ལུགས་རྒྱ་གཞུང་འབྲེལ་ཞིན་ཧྭ་གསར་ཁང་གིས་བསྒྲགས་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༡༠/༠༦

Leave a Reply

One thought on “རི་སྐྱེས་སྲོག་ཆཊ་གསོད་རྨས་བཏང་།

  1. གསར་འགྱུར་རིག་པའི་འགྲོ་སྟངས་ལྟར་ན་གསོད་རྨས་བྱུང་ཡོད་མེད་མདང་ནུབ་བར་ཁ་གསལ་གཏོན་པ་བརྒྱུད་ལམ་ཁག་ཏུ་མི་འདུག་པས་གསོད་རྨས་བཏང་བ་ཞེས་པའི་ཚིག་དེ་དངོས་སུ་སྦྱོར་འོས་མིན་དཔྱད་དགོས།