མཁའ་དབུཊ་གཙང་བཟོར་དཀའ་ངལ་ཆེན་པོ་འཕྲད།

རྒྱ་ནག་གཞུང་གིས་འདི་ལོར་གནམ་སྔོན་པོ་སྲུང་སྐྱོབ་ཀྱི་དམག་བརྒྱབ་རྒྱུ་ཡིན་ཞེས་མཁའ་དབུགས་འབག་བཙོག་ཐེབས་པ་གཙང་བཟོ་བྱེད་བཞིན་ཡོད་ཀྱང་དམིགས་ཚད་དུ་བསླེབ་པར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༦ ཉིན་རོའོ་ཊིར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་ ༢༠༡༧ ལོ་ནི་མཁའ་དབུགས་འབག་བཙོག་གཙང་བཟོའི་ལོར་གཏན་འབེབ་བྱས་ཏེ། མཁའ་དབུགས་གཙང་བཟོའི་ཚོགས་འདུ་བསྡུས་པ་དང་རྒྱལ་ཡོངས་ནང་གཙང་བཟོའི་དྲིལ་བསྒྲགས་དང་ལས་འགུལ་རིགས་སྣ་ཚོགས་སྤེལ་བཞིན་ཡོད་ཀྱང་། གྲོང་ཁྱེར་ཁག་ཅིག་གི་མཁའ་དབུགས་འབག་བཙོག་གི་གནས་སྟངས་ཚབས་ཆེ་རུ་འགྲོ་བཞིན་ཡོད་འདུག

རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༧ ལོའི་མཁའ་དབུགས་གཙང་བཟོའི་ལས་འགུལ་དེ་གཙོ་ཆེ་ཤོས་གྲོང་ཁྱེར་ཆེ་ཁག་ ༣༣༨ ནང་སྤེལ་བཞིན་ཡོད་པ་དང་། རླུང་ཁམས་རྫས་དུག་(PM2.5)ཇེ་ཉུང་ལ་གཏོང་ཐབས་སུ་མཁའ་དབུགས་འབག་བཙོག་བརྡ་རྟགས་དམར་པོ་ཤར་བའི་གྲོང་ཁྱེར་ཁག་ཏུ་རྡོ་སོལ་དང་རླངས་རྫས་བཀོལ་སྤྱོད་ཇེ་ཉུང་དུ་གཏོང་བ། བཟོ་གྲྭ་དང་འཛུགས་སྐྲུན་ལས་གཞི་ཇེ་ཉུང་དུ་གཏོང་ཐབས་སོགས་བྱེད་ཀྱི་ཡོད་པ་དང་། ན་ནིང་ལོ་དང་བསྡུར་ན་སྤྱིའི་འབག་བཙོག་ཚད་གཞི་ ༢.༧ མར་ཆགས་ཡོད་འདུག ཡིན་ནའང་། དེ་འདྲ་ཞིག་གིས་མཁའ་དབུགས་གཙང་བཟོའི་ཚད་གཞི་ལོན་གྱི་མེད་པ་རེད།

རྒྱ་ནག་ཁོར་ཡུག་སྲུང་སྐྱོབ་བློན་ཆེན་ལི་ཀན་ཇི(Li Ganjie)ཡིས། ད་ལྟའི་རྒྱ་ནག་གི་མཁའ་དབུགས་འབག་བཙོག་གཙང་སེལ་བཟོ་རྒྱུ་ཧ་ཅང་ཁག་པོ་ཆགས་ཡོད་པ་དང་། བདུན་ཕྲག་སྔོན་མའི་ནང་ཁོ་རང་རྒྱ་ནག་གི་མཁའ་དབུགས་འབག་བཙོག་ཆེ་བའི་གྲོང་ཁྱེར་ཁག་ཅིག་ལ་ལྟ་སྐོར་གྱིས་ཞིབ་འཇུག་བྱེད་སྐབས། རྒྱ་ནག་གི་ལོ་འདིའི་དམིགས་ཡུལ་ལྟར་འབག་བཙོག་གཙང་བཟོ་ལ་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་སྐོར་བརྗོད་འདུག

ཡང་ཁོང་གིས་རྒྱ་ནག་གི་ས་ཆ་ཁ་ཤས་ཀྱི་མཁའ་དབུགས་གནས་སྟངས་སྔར་ལོ་ལས་གཙང་མ་ཡོང་བཞིན་པའི་རྟགས་ཤིག་ཡོད་ན་ཡང་། ཕྱི་ལོ་ ༢༠༡༧ ལོའི་འདས་པའི་ཟླ་ངོ་དྲུག་རིང་གི་འབག་བཙོག་ཚད་གཞི་ལས་མངོན་པ་ལྟར་ན། ཧུའུ་པའེ་ཞིང་ཆེན་གྱི་གྲོང་ཁྱེར་ཆེ་ཁག་དང་། པེ་ཅིང་། ཐན་ཅིན་སོགས་ཀྱི་མཁའ་དབུགས་འབག་བཙོག་ཇེ་སྡུག་ཏུ་ཕྱིན་ཡོད་སྐོར་བརྗོད་ཡོད་འདུག

མཁའ་དབུགས་འབག་བཙོག་གིས་ནད་གཞི་སྣ་ཚོགས་བསླངས་ཏེ་ཚེ་སྲོག་ལ་གནོད་པ་ཐེབས་བཞིན་ཡོད་པ་དང་། ལྷག་པར་དུ་རྒྱ་ནག་བྱང་རྒྱུད་ཀྱི་གྲོང་ཁྱེར་ཁག་དུ་ཉེན་ཁ་ཆེ་བ་ཡོང་གི་ཡོད་འདུག ཨ་རིའི་ཆི་ཁཱ་གྷོ་(University of Chicago)གཙུག་ལག་སློབ་གཉེར་ཁང་གི་རླུང་ཁམས་ཞིབ་འཇུག་པའི་ཞིབ་འཇུག་གྲུབ་དོན་ལྟར་ན། རྒྱ་ནག་བྱང་ཕྱོགས་ཀྱི་མིའི་ཚེ་ཚད་དེ་ལྷོ་ཕྱོགས་ཀྱི་མིའི་ཚེ་ཚད་དང་བསྡུར་ན་ལོ་གསུམ་བཞི་ཡིས་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་དང་། དེའི་རྒྱུ་རྐྱེན་ནི་མཁའ་དབུགས་ནང་(PM2.5)རྫས་དུག་ཤུགས་ཆེན་ཡོད་པའི་རྐྱེན་གྱིས་ཡིན་སྐོར་བརྗོད་འདུག

ད་ལྟའི་ཆར་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་གི་མཁའ་དབུགས་ཉེན་འཚབ་ཆེན་པོར་གྱུར་ཡོད་པ་དང་། ལོ་རེའི་དགུན་ཟླ་བསླེབ་ལ་ཉེ་བ་དང་མཁའ་དབུགས་འབག་བཙོག་གི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཏེ་ཉེན་བརྡ་དམར་པོ་སྟོན་དགོས་བྱུང་སྟེ། མཁའ་དབུགས་གཙང་མ་རྔུབ་གཏོང་མ་རག་པའི་དཀའ་ངལ་འོག གྲོང་ཁྱེར་དེ་དག་གི་སྡོད་མང་ཚོས་བོད་ཁུལ་སོགས་ནས་ཁྱེར་ཡོང་བའི་མཁའ་དབུགས་གཙང་མ་ཉོ་དགོས་བྱུང་གི་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༡༠/༠༧

Leave a Reply

One thought on “མཁའ་དབུཊ་གཙང་བཟོར་དཀའ་ངལ་ཆེན་པོ་འཕྲད།

  1. རང་མགོར་རྡོ་ཕོག་ན་ངུ་སྒྲ་དང་། གཞན་མགོར་རྡོ་ཕོག་ན་དགོད་སྒྲ། ཞེས་པའི་དཔེ་ལྟར་འཛམ་གླིང་རྒྱལ་ཁབ་གཞན་དག་གིས་མཁའ་རླུང་འབག་བཙོག་གི་དཀའ་ངལ་གླེང་སློང་ཇི་ཙམ་བྱས་ཀྱང་རང་གི་མགོ་ཐོག་ཏུ་དཀའ་ངལ་གྱི་ཚོར་ཤུགས་དེ་ དངོས་སུ་མ་མྱངས་བར་གླུ་ཨ་ལ་ཐ་ལ་ལེན་ནས་བསྡད་པ་མ་ཚད། ད་དུང་ཡར་རྒྱས་ལ་ཁ་གཡར་ཏེ་ཚདབརྒལ་གྱི་འཛུགས་སྐྲུན་ལས་གཞི་ཡ་ང་ཞིང་བསམ་ཡུལ་འདས་པ་སྤེལ་ཏེ་ངུ་ངག་གི་སྐད་ངན་མ་འཆོར་བར་ཇི་མི་སྙམ་པར་བསྡད་པའི་མཇུག་འབྲས་ཀྱི་རྒྱུན་འཁོར་དེ་མ་མྱོང་རང་མྱོང་ལས་ཐབས་གཞན་ཟད། ཅི་འདྲ་བ་ཡི་ལས་བྱས་པ། འབྲས་བུ་དེ་བཞིན་མྱོང་བར་འགྱུར། ཞེས་པའི་རྟེན་འབྱུང་གི་ཚན་ཉིད་རིགས་པ་དེས་གཞི་དངོས་པོའི་ལས་བཟང་ངན་གྱིས་འབྲས་བུའི་རྒྱུན་འཁོར་དེ་དང་མཐུན་པར་གདོན་མི་ཟ་བར་འབྱུང་ངེས་པར་ནང་བསྟན་ཚན་ཚན་རིགས་པས་གཏན་འབེབས་ཟིན་ཀྱང་། དེང་རབས་ལ་ཁ་ཕྱོགས་པའི་རྗེས་ལུས་པ་དག་ད་དུང་ཤེས་རྨོངས་ཀྱི་རྒྱ་ལས་མ་འགྲོལ་བར་ལྷག་སྟེ་ལུས་ཡོད་པར་མངོན་ནོ།།