ནོ་བྷེལ་ཞི་བདེའི་གཟེངས་རྟཊ་ཐོབ་པར་འཚམས་འདྲི་གནང་།

འདི་ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་རྒྱལ་སྤྱིའི་རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་བའི་ཚོགས་པར་ཐོབ་པར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཚམས་འདྲི་གནང་འདུག

རྒྱལ་སྤྱིའི་རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་བའི་ཚོགས་པར་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་པ་ཡོངས་ཁྱབ་གསལ་བསྒྲགས་གནང་ཡོད་པ་ལྟར། ཁ་སང་༧ གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཚོགས་པ་དེའི་ཚོགས་གཙོ་བྷེ་ཊི་རེ་སི་ཧྥི་ཧན་(Beatrice Fihn)ལགས་སུ་འཚམས་འདྲི་མཛད་དེ། ནོ་བྷེལ་གཟེངས་རྟགས་ལྷན་ཚོགས་ཀྱི་ཐག་གཅོད་དེ་འོས་འཚམས་ཡིན་སྐོར་གསུངས་འདུག

དེ་ཡང་༧གོང་ས་མཆོག་གི་འཚམས་འདྲིའི་གསུང་འཕྲིན་ནང་། རྒྱལ་སྤྱིའི་རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་བའི་ཚོགས་པས་འཛམ་གླིང་ནང་རྡུལ་ཕྲན་མཚོན་ཆ་རྩ་མེད་གཏོང་ཐབས་སུ་འབད་བརྩོན་རྒྱུན་སྐྱོང་བྱས་ཏེ། འདི་ལོིའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་པར་འཚམས་འདྲི་ཞུ་ཡི་ཡོད། སྤྱིར་དེང་སང་འཛམ་གླིང་ཡུལ་གྲུ་གང་སར་བརྟན་ལྷིང་མེད་པ་དང་། ཟིང་འཁྲུག་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར།  རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་བའི་ཚོགས་པའི་ལས་འགན་ནི་ཆེས་ཛ་དྲག་ཅིག་ཆགས་ཡོད་སྟབས། ནོ་བྷེལ་གཟེངས་རྟགས་ལྷན་ཚོགས་ཀྱིས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཚོགས་པ་དེར་སྤྲད་པ་འོས་འཚམས་འདུག  ཚོགས་པ་དེས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་རྡུལ་ཕྲན་མཚོན་ཆ་མེད་པའི་གོ་ལ་ཞིག་བསྐྲུན་ཐུབ་པར་ངོས་ནས་སྨོན་ལམ་བརྒྱབ་ཀྱི་ཡིན། ཅེས་འཁོད་འདུག

རྡུལ་མཚོན་རྩ་མེད་བཟོ་བའི་ཚོགས་པ་ (International Campaign to Abolish Nuclear Weapons-(ICAN))ཞེས་པ་དེ། ཕྱི་ལོ་ ༢༠༠༧ ལོར་ཐོག་མར་ཨོ་སི་ཊོ་ལི་ཡར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྡུལ་ཕྲན་མཚོན་ཆ་བཀག་འགོག་བྱེད་པའི་གྲོས་ཆོད་གཞིར་བཞག་སྟེ་གསར་འཛུགས་བྱས་པ་ཞིག་ཡིན་ཞིང་།  ད་ལྟའི་ཆར་ཚོགས་པ་དེར་འཛམ་གླིང་རྒྱལ་ཁབ་ ༡༠༡ ནང་དུ་ཡན་ལག་ཚོགས་པ་ ༤༦༨ ཡོད་པ་དང་། ཚོགས་པ་དེས་འདས་པའི་ལོ་ངོ་བཅུའི་རིང་འཛམ་གླིང་རྒྱལ་ཁབ་མང་པོའི་ནང་རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་ཐབས་སུ་ལས་འགུལ་མང་པོ་སྤེལ་བཞིན་ཡོད་འདུག

གསར་འགོད་པ། སྐལ་བཟང་སྤྱིན་པ།

བསྐྱར་བཅོས།: ༢༠༡༧/༡༠/༠༧

Leave a Reply

One thought on “ནོ་བྷེལ་ཞི་བདེའི་གཟེངས་རྟཊ་ཐོབ་པར་འཚམས་འདྲི་གནང་།

  1. རྒྱུད་གྲྭ་བློ་བཟང་དབང་འདུས།

    དགོད་བྲོ་བའི་འཇིག་རྟེན། ང་ཚོ་བོད་པའི་ཆོས་སྐྱོང་བཞེངས་པ་དང་། རྡུལ་ཕྲན་མཚོན་ཆ་བཟོ་པ་གཉིས་གཅིག་པ་རེད། བཟོ་མོ་གོ་བཟོས། ད་འདི་ལ་ཞེད་སྣང་བྱེད་ནས་བསྡད། རྡུལ་ཕྲན་མཚོན་ཆ་བཟོ་མཁན་ཁོ་རང་ཚོའི་བསམ་བློ་བཏང་ན་ཨའུ་ཙི། གྲོས་ཆོད་ཀྱི་དཀའ་མོ།