རྒྱ་གར་བུ་མོ་ཕཱ་རིག་ཤཱ་ར་ན་ལགས་ལ་མཛངས་མའི་རྒྱལ་ཁ་ཐོབ།

ཧི་མ་ལ་ཡའི་མཛངས་མ་འགྲན་སྡུར་ཁྲོད་རྒྱ་གར་བུ་མོ་ཕཱ་རིག་ཤཱ་ར་ན་ལགས་སུ་ ༢༠༡༧ ལོའི་མཛངས་མའི་དབུ་རྒྱན་དཀྲིས་སོང་།

དེ་རིང་ཕྱི་དྲོའི་ཆུ་ཚོད་ ༧ སྟེང་བོད་ཀྱི་ཟློས་གར་ཁང་གི་ཚོགས་ཁང་དུ་དྷ་ས་ཁུལ་གྱི་བོད་མི་དང་རྒྱ་གར་ཡུལ་མི། ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་བཅས་མི་མང་ ༢༠༠ ཙམ་འདུ་འཛོམས་བྱུང་བའི་དབུས་སུ། ཧི་མ་ལ་ཡའི་མཛངས་མ་འགྲན་སྡུར་ཐེངས་ལྔ་བའི་རྟིང་རྩོད་འགྲན་སྡུར་གནང་སོང་།

གཟུ་དཔང་བ་དག་གིས་སྐར་གྲངས་ཕྱོགས་བསྡོམས་བྱས་པའི་ཁྲོད་རྒྱ་གར་བུ་མོ་ཕཱ་རིག་ཤཱ་ར་ན་ (Preksha Rana) ལགས་སུ་ཨང་དང་པོ་ཐོབ་སྟེ་ ༢༠༡༧ ལོའི་ཧི་མ་ལ་ཡའི་མཛངས་མའི་དབུ་རྒྱན་དཀྲིས་པ་དང་། བཀྲ་ཤིས་ལྷ་མོ་ལགས་སུ་ཨང་གཉིས་པ། པཱ་ལཱག་ཐཱ་ཁུར་ (Palak Thakur) ལགས་སུ་ཨང་གསུམ་པ་བཅས་ཐོབ་སོང་།

མཛངས་མའི་ཨང་རིམ་གསལ་བསྒྲགས་གནང་བ་དང་འབྲེལ་ཏེ། ཕྱི་ལོ་ ༢༠༡༦ ལོའི་ཧི་མ་ལ་ཡའི་མཛངས་མ་ཨ་ཡུ་ཤི་སེ་ཐི་(Ayushi Sethi ) ལགས་ཀྱིས་མཛངས་མའི་དབུ་རྒྱན་བུ་མོ་ཕཱ་རིག་ཤཱ་ར་ན་ལ་སྒྲོན་པ་དང་། གོ་སྒྲིག་པ་བློ་བཟང་དབང་རྒྱལ་ལགས་ཀྱིས་ཨང་དང་པོར་ཧིན་སྒོར་ཆིག་འབུམ་དང་། ཨང་གཉིས་པར་ཧིན་སྒོར་ཁྲི་ལྔ། ཨང་གསུམ་པར་ཧིན་སྒོར་ཉིས་ཁྲི་ལྔ་སྟོང་བཅས་ཀྱི་བྱ་དགའ་གནང་སོང་།

བློ་བཟང་དབང་རྒྱལ་ལགས་ཀྱིས་གསར་འགོད་པར་བརྗོད་དོན། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་མཛད་གཙོ་རྣམ་པས་ནམ་རྒྱུན་ཧི་མ་ལ་ཡ་རི་རྒྱུད་ཀྱི་མི་མང་དང་ང་ཚོ་བཙན་བྱོལ་བོད་མིའི་བར་མཐུན་འབྲེལ་བྱེད་དགོས་པའི་སྐད་ཆ་འདྲ་ཆགས་པོ་བཤད་ཀྱི་ཡོད་ཀྱང་། ཁ་ཡོད་ལག་ཡོད་ཀྱི་ཐོག་ནས་མི་མང་ཕན་ཚུན་བར་མཐུན་འབྲེལ་ཡོང་ཐབས་ཀྱི་བྱེད་སྒོ་ཁག་གི་ཐོག་མཉམ་ཞུགས་གནང་གི་མི་འདུག་ལ། དེ་ནི་རང་གིས་རང་ལ་སྐྱག་རྫུན་བཤད་པ་དང་འདྲ་བོ་རེད། ཧི་མ་ལ་ཡའི་མི་མང་དང་སྐྱབས་བཅོལ་བོད་མི་གཉིས་བར་ཕན་ཚུན་གོ་བརྡ་མ་འཕྲོད་པའི་དཀའ་རྙོག་རབ་དང་རིམ་པར་འཕྲད་ཀྱི་ཡོད་པ་དཔེར་ན། ད་སྐབས་ལ་དྭགས་ནང་བོད་མི་སྐྱབས་བཅོལ་བས་གླ་གཏོང་རླངས་འཁོར་གཏོང་བ་དང་། འགྲིམ་འགྲུལ་ལས་ཁུངས་འཛུགས་པ། ཚོང་ཁང་དང་ཟ་ཁང་གཉེར་བ་སོགས་ཀྱི་ཁེ་ལས་ལས་སྒོར་ཞུགས་མི་ཆོག་པ་དང་། དེ་བཞིན་ཨ་རུ་ན་ཅལ་གྱི་ཡུལ་མི་དང་མངའ་ཁུལ་དེའི་སྐྱབས་བཅོལ་བོད་མི་གཉིས་བར་ལའང་ཕན་ཚུན་གོ་བརྡ་མ་འཕྲོད་པའི་དཀའ་རྙོག་འབྱུང་བཞིན་ཡོད་པ་རེད། དེ་ནི་མི་མང་ཕན་ཚུན་བར་འབྲེལ་ལམ་ཡག་པོ་བཙུགས་པའི་གནད་དོན་ལ་ཐུག་ཡོད་པ་རེད་བསམ་གྱི་འདུག ཅེས་བརྗོད་སོང་།

གསར་འགོད་པ་ཉི་མ་ཚེ་རིང་དང་པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༡༠/༠༩

Leave a Reply

One thought on “རྒྱ་གར་བུ་མོ་ཕཱ་རིག་ཤཱ་ར་ན་ལགས་ལ་མཛངས་མའི་རྒྱལ་ཁ་ཐོབ།