བཀྲ་ཤིས་ཕུན་ཚོཊ་ལ་ཨང་དང་པོ་ཐོབ།

རྒྱ་ནག་རྒྱལ་ཡོངས་ཀྱི་གླུ་གཞས་གསར་པའི་འགྲན་སྡུར་ཐེངས་གཉིས་པའི་སྟེང་བོད་རིགས་གཞས་པ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཨང་དང་པོ་བླངས་ཡོད་འདུག 

 ཁ་སང་དགོང་མོར་རྒྱ་ནག་རྒྱལ་ས་པེ་ཅིན་གྱི་བྱེའུ་ཚང་ཞེས་པའི་ཨོ་ལོམ་པིག་ལུས་རྩལ་རྩེད་འགྲན་འཚོགས་ར་ཆེན་མོའི་ནང་དུ། ཐེངས་གཉིས་པའི་རྒྱ་ནག་གི་གླུ་སྐད་གསར་པའི་རྟིང་རྩོད་འགྲན་སྡུར་བྱས་ཡོད་པ་དང་། རྟིང་རྩོད་པ་ལྔ་ཡོད་པ་ལས་བོད་ཀྱི་གཞས་པ་བཀྲ་ཤིས་ཕུན་ཚོགས་ལགས་ལ་ཨང་དང་པོའི་རྒྱལ་ཁ་ཐོབ་ཡོད་པ་དང་། བོད་རིགས་ཤིག་གིས་རྒྱ་ནག་གི་གར་སྟེགས་ཆེན་པོ་དེ་འདྲའི་སྟེང་ནས་ཨང་དང་པོ་བླངས་པ་ཐོག་མ་དེ་ཆགས་སྐོར་ཡང་བརྗོད་ཀྱི་འདུག 
 རྒྱ་ནག་གླུ་སྐད་གསར་པའི་འགྲན་རྩོད་ཀྱི་འགྲན་ཞུགས་པ་བསྡུ་ལེན་བྱེད་མཁན་ཚོས་བོད་ཁུལ་ནས་འགྲན་ཞུགས་པ་རྩེ་ཕུད་བཅུ་འདེམས་སྒྲུག་བྱས་ཡོད་སྟབས། དང་ཐོག་གཞས་པ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིསབོད་ཁུལ་གྱི་རྩེད་ཕུད་འགྲན་ཞུགས་པ་བཅུའི་ནང་ཚུད་ཐུབ་ན་བསམ་པ་ཙམ་ལས་རེ་བ་གཞན་བརྒྱབ་མེད་ཀྱང་། མཐའ་མཇུག་དེར་ཁོང་ལ་བོད་ཁུལ་གྱི་འགྲན་ཞུགས་པ་བཅུའི་ནང་ནས་ཨང་དང་པོ་ཐོབ་སྟེ་བོད་ཀྱི་འཐུས་མི་བྱས་ཏེ་རྒྱ་ནག་རྒྱལ་ཡོངས་ཀྱི་འགྲན་སྡུར་ནང་ཞུགས་ཐུབ་ཡོད་པ་རེད། 
ཟླ་འདིའི་ཕྱི་ཚེས་ ༢ ཉིན་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་བཅར་འདྲི་སྐབས་ཁོང་གིས། ང་བོད་ཁུལ་གྱི་འཐུས་མི་ལྟ་བུ་བྱས་ཏེ་རྒྱ་ནག་ཏུ་ཕྱིན་པ་ཡིན་སྟབས། སེམས་ལ་རང་བཞིན་གྱིས་སྤོབས་པ་དང་དགའ་བ་ཞིག་འདུག་ཀྱང་། བོད་མི་མང་པོ་ཞིག་གིས་རེ་བ་ཆེན་པོ་རྒྱག་སྡོད་ཡོད་པར་བརྟེན་ཅུང་ཟད་སེམས་འཚབ་དང་སེམས་ཁྲལ་ཞིག་ཀྱང་འདུག ཅེས་བརྗོད་ཡོད་འདུག
གཞས་པ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཐེངས་འདིའི་འགྲན་རྩོད་རིམ་པའི་ཁྲོད་གླུ་གཞས་མང་ཆེ་བ་བོད་སྐད་ནང་བླངས་ཡོད་པ་དང་། ཁོང་གི་བོད་པའི་གཤིས་ཀ་ལྷད་མེད་དེར་ཚང་མས་དགའ་བསུ་ཐོབ་ཅིང་། དེང་སྐབས་ཁོང་ལ་བླ་སྲོག་འདྲེན་པའི་གཞས་པ་ཞེས་འབོད་ཀྱི་འདུག ཁོང་གིས་བླངས་བའི་སྐད་གྲགས་ཆེ་བའི་གླུ་གཞས་ནི་སྒེའུ་ཁུང་། མཚོ་ངོགས་ཀྱི་ཆུ་ཐིགས། ཨ་མའི་ཕྱག་ཟུང་སོགས་འདུག
 
 ད་ལོའི་རྒྱ་ནག་གི་གླུ་སྐད་གསར་པ་ཞེས་པའི་གླུ་གཞས་འགྲན་བསྡུར་དེ་ཐེངས་གཉིས་པ་ཆགས་ཡོད་པ་དང་། ཐེངས་དང་པོ་དེ་ལོ་ལྔའི་གོང་དུ་ཚོགས་ཡོད་པ་དང་། རྒྱ་ནག་གི་གླུ་སྐད་གསར་པ་ཞེས་པའི་འགྲན་བསྡུར་ནང་སྔར་གྱི་གཞས་གདངས་གཞིར་བཞག་ཐོག་རྣམ་པ་ཅུང་ཟད་སྒྱུར་བཅོས་ཀྱིས་གཞས་དེ་ལེན་སྐབས་གཏོང་སྟངས་མ་འདྲ་བའི་སྒོ་ནས་གཏང་དགོས་པར་བརྟེན། གཞས་པ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་སྐབས་གོང་མའི་འགྲན་སྡུར་དེར་དོ་སྣང་ཆེན་པོས་བལྟས་མྱོང་ཡོད་པ་མ་ཟད། ཁོང་གིས་ཐེངས་འདིའི་འགྲན་སྡུར་དེར་མཉམ་ཞུགས་ཀྱིས་གར་སྟེགས་སྟེང་དུ་བོད་གཞས་ལྷན་དུ་རྒྱ་དཀར་ནག་གི་གླུ་གཞས་མཉམ་བསྲེས་བྱས་ཏེ་རྣམ་པ་གསར་བསྐྲུན་གྱི་ཐོག་ནས་གླུ་གཞས་རེ་གཉིས་ཤིག་བཏང་ཡོད་འདུག
 
གཞས་པ་བཀྲ་ཤིས་ཕུན་ཚོགས་ལགས་ནི་ད་ལྟ་རང་ལོ་ ༣༠ ཡིན་པ་དང་ཕ་ཡུལ་གཞིས་ཀ་རྩེ་ནས་ཡིན་ཞིང་། གཞིས་ཀ་རྩེའི་ལས་རིགས་ལག་རྩལ་སློབ་གྲྭའི་ཨང་རྩིས་དགེ་རྒན་བྱེད་མུས་ཡིན་འདུག ཁོང་ནི་གླུ་གཞས་ལ་དགའ་ཞིང་སློབ་ཆུང་གི་སྐབས་ནས་གླུ་གཞས་གཏོང་རྒྱུར་དགའ་པོ་ཡོད་པ་མ་ཟད། བོད་ཁུལ་གྱི་གླུ་གཞས་འགྲན་སྡུར་ཁ་ཤས་ནང་མཉམ་ཞུགས་བྱས་ཏེ་ཐེངས་འགའ་བྱ་དགའ་བླངས་མྱོང་ཡོད་འདུག ཁོང་གི་གྲོགས་པོ་གླུ་གཞས་དང་རོལ་དབྱངས་གསར་པ་རྩོམ་མཁན་ཚོས། རྒྱ་ནག་གི་གླུ་སྐད་གསར་པའི་འགྲན་སྡུར་དེར་བོད་པ་ཚོ་ལའང་འགྲན་ཞུགས་ཆོག་པའི་གོ་སྐབས་འདུག ཁོང་དེར་འཛུལ་ཞུགས་བྱས་ན་ལེགས་ཚུལ་གྱིས་བསམ་ཚུལ་བཏོན་པ་ལྟར་ཁོང་མཉམ་ཞུགས་བྱས་ཡོད་འདུག
 
གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༡༠/༠༩

Leave a Reply

6 thoughts on “བཀྲ་ཤིས་ཕུན་ཚོཊ་ལ་ཨང་དང་པོ་ཐོབ།

  1. འདི་ནི་ངོས་བོད་མི་ཚང་གི་སྤོབས་པ་རེད།སྙིང་ནས་ཁྱེད་ལ་བོད་མི་ས་ཡ་དྲུག་གི་ཚབ་བྱས་ནས་བཀའ་དྲིན་བླ་མེད་དུ་ཆེ་ཞུ།