མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དབུ་བརྙེས་ཏེ་མི་ལོ་ཧྲིལ་པོ་ ༡༢ འཁོར།

སམ་བྷོ་ཊ་སྤྱི་ཁྱབ་འགན་འཛིན་རྣམ་རྒྱལ་ཡར་འཕེལ་ལགས་ཀྱིས་དཔེ་སྟོན་སློབ་གྲྭའི་ནང་སློབ་ཕྲུག་ཚོས་མུ་མཐུད་སློབ་སྦྱོང་བྱེད་ཐུབ་ཀྱི་མེད་པའི་གནད་དོན་ཐོག་འབྲེལ་ཡོད་ཚང་མས་བསམ་བློ་གཏང་སྟེ་གོ་བསྡུར་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་སྐོར་བརྗོད་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ སྟེང་གངས་སྐྱིད་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་ནང་། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དབུ་བརྙེས་ཏེ་མི་ལོ་ཧྲིལ་པོ་བཅུ་གཉིས་འཁོར་བའི་དུས་དྲན་སྲུང་གཙི་གནང་སོང་བ་དང་། མཛད་སྒོའི་ཐོག་སམ་བྷོ་ཊ་སྤྱི་ཁྱབ་འགན་འཛིན་རྣམ་རྒྱལ་ཡར་འཕེལ་ལགས་དང་། དྷ་ཤོད་དཔེ་སྟོན་སློབ་གྲྭའི་དགེ་ཆེ་བསྟན་འཛིན་ཆོས་སྒྲོན་ལགས་གཉིས་གཙོས་པའི་དཔེ་སྟོན་སློབ་གྲྭ་གོང་འོག་གཉིས་ཀྱི་དགེ་སློབ་རྣམ་པ་དང་། སློབ་ཕྲུག་ཚོའི་ཕ་མ་རྣམ་པ་བཅས་མི་གྲངས་ ༡༠༠༠ ཙམ་འཛོམས་འདུག

མཛད་སྒོའི་ཐོག་མར་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་བ་དང་། བོད་ཀྱི་རྩ་དོན་ཆེད་རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་ངག་བཅད་མྱ་ངན་སྐར་མ་གཅིག་རིང་ཞུས་རྗེས། སམ་བྷོ་ཊ་སྤྱི་ཁྱབ་འགན་འཛིན་རྣམ་རྒྱལ་ཡར་འཕེལ་ལགས་དང་དགེ་ཆེ་བསྟན་འཛིན་ཆོས་སྒྲོན་ལགས་གཉིས་ཀྱིས། ཕྱི་ལོ་ ༢༠༡༦ ལོའི་འཛིན་གྲྭ་ ༦ པ་ནས་ ༡༠ བར་བོད་ཡིག་གི་རྒྱུགས་འབྲས་རྩེ་ཕུད་ལེན་མཁན་སློབ་ཕྲུག་ཁག་ཅིག་ལ་བྱ་དགའ་གསོལ་རས་གནང་སོང་། བོད་ཡིག་བརྒྱ་ཆ་ ༩༣ ལེན་མཁན་སློབ་མ་བསྟན་འཛིན་ཉི་མ་དང་། བརྒྱ་ཆ་ ༩༣.༧ ལེན་མཁན་བསྟན་འཛིན་ཚེ་གཡང་། བརྒྱ་ཆ་ ༩༥.༢ལེན་མཁན་བསྟན་འཛིན་རིག་གྲོལ། བརྒྱ་ཆ་ ༩༣.༦ ལེན་མཁན་བསྟན་འཛིན་འཆི་མེད། བརྒྱ་ཆ་ ༨༣.༣ ལེན་མཁན་བསྟན་འཛིན་ཀུན་བཟང་བཅས་ལ་བྱ་དགའ་ཧིན་སྒོར་ ༥༠༠ རེ་གནང་སོང་། དེ་བཞིན་དྷ་ཤོད་བོད་ཁྱིམ་སློབ་གྲྭར་གོ་སྒྲིག་བྱས་པའི་རིགས་ལམ་འདུ་འཛོམས་ཆེན་མོར་མཉམ་ཞུགས་བྱེད་མཁན་སློབ་ཕྲུག་རྣམས་ལ་གསོལ་རས་ཕྱག་འཁྱེར་བཅས་གནང་སོང་།

སམ་བྷོ་ཊ་སྤྱི་ཁྱབ་འགན་འཛིན་རྣམ་རྒྱལ་ཡར་འཕེལ་ལགས་ཀྱིས། ད་ཆར་དཔེ་སྟོན་སློབ་གྲྭའི་ནང་སློབ་ཕྲུག་གི་གྲངས་འབོར་འཕར་ཡོད་ཀྱང་། མཐོ་རིམ་འཛིན་གྲྭའི་ནང་སློབ་མའི་གྲངས་འབོར་ཉུང་ཉུང་ལས་མི་འདུག མེས་དབོན་དཔེ་སྟོན་སློབ་གྲྭའི་མཐོ་རིམ་དང་དམའ་རིམ་འཛིན་གྲྭ་གཉིས་ནང་ཁྱོན་བསྡོམས་སློབ་ཕྲུག་ ༣༩༣ ཡོད་པ་དང་། མཐོ་རིམ་འཛིན་གྲྭ་བཞི་པ་ནས་བརྒྱད་པའི་བར་སློབ་མ་ ༧༥ མ་གཏོགས་མི་འདུག མཐོ་རིམ་དང་དམའ་རིམ་འཛིན་གྲྭའི་སློབ་ཕྲུག་གཉིས་བརྒྱ་ཆར་ཕྱེས་ན། མཐོ་རིམ་སློབ་མ་བརྒྱ་ཆ་ ༡༩ དང་དམའ་རིམ་སློབ་མ་བརྒྱ་ཆ་ ༨༡ འདུག བརྒྱ་ཆ་དེས་ག་རེ་སྟོན་གྱི་ཡོད་པ་རེད་ཅེ་ན། ལོ་རེར་དམའ་རིམ་འཛིན་གྲྭ་ནས་ཐོན་པའི་སློབ་ཕྲུག་ ༥ ལས་སློབ་མ་གཅིག་མ་གཏོགས་མཐོ་རིམ་འཛིན་གྲྭར་འཛུལ་ཞུགས་ཐུབ་ཀྱི་མེད་དུས། ལྷག་མའི་སློབ་ཕྲུག་བཞི་དེ་ག་བར་འགྲོ་དགོས་པ་རེད་དམ། དེ་ནི་ང་ཚོར་བཏོན་པའི་དྲི་རྟགས་ཆེན་པོ་ཞིག་ཡིན་པ་དང་། དེ་ནི་ང་ཚོའི་ངོས་ནས་འཐུས་ཤོར་དང་འཛིན་སྐྱོང་གི་དཀའ་ངལ་ཞིག་རེད་བསམ་གྱི་འདུག དེར་བརྟེན་མ་འོངས་པར་ང་ཚོའི་དགེ་རྒན་རྣམ་པ་དང་འབྲེལ་ཡོད་ལས་བྱེད། དེ་བཞིན་ཕ་མ་རྣམས་ཀྱིས་གནད་དོན་དེའི་ཐད་ལ་དོ་སྣང་དང་སེམས་ཁུར་བྱེད་དགོས་པ་གལ་ཆེན་པོ་རེད། ཕྱོགས་གཅིག་ནས་ཕ་མ་མང་པོ་ཞིག་གིས་རང་གི་ཕྲུ་གུ་སློབ་གྲྭ་འདིར་འཛུལ་ཞུགས་བྱ་ཆེད་སློབ་གྲྭའི་ཉེ་འཁོར་དུ་ཁང་པ་གླས་ཏེ་འགྲོ་སོང་ལ་མ་འཛེམས་པར་དཀའ་ངལ་ལ་གདོང་ལེན་བྱས་ཡོད་ཀྱང་། དུས་ཚོད་ངེས་ཅན་ཞིག་གི་རྗེས་སུ་ཕྲུ་གུ་ཚོར་སློབ་གྲྭ་འདིའི་ནང་མུ་མཐུད་སློབ་སྦྱོང་བྱེད་མ་བཅུག་པར་སློབ་གྲྭ་གཞན་ལ་གཏོང་དགོས་པའི་གནས་སྟངས་དེ་གང་ལ་ཐུག་ཡོད་པ་རེད། དེ་དགེ་རྒན་དང་ལས་བྱེད། འཛིན་སྐྱོང་གིས་མ་འགྲིག་པ་ཞིག་རེད་དམ་ཡང་ན་སློབ་གྲྭའི་མཐུན་རྐྱེན་སྐྱོ་དྲགས་པས་ཡིན་ནམ། མི་ཁ་ཤས་ཀྱིས་དཔེ་སྟོན་སློབ་གྲྭའི་ཁོར་ཡུག་ཆུང་དྲགས་འདུག་ཅེས་བཤད་ཀྱི་ཡོད་པ་རེད། ང་ཚོས་སོ་སོའི་གནས་སྟངས་ལ་གཞིགས་ཏེ། སོ་སོའི་ངོས་ནས་གང་དྲགས་བྱེད་དགོས་པ་དེ་ང་ཚོ་ཚང་མའི་ལས་འགན་རེད། དེ་རིང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་ ༡༢ འཁོར་བའི་དུས་དྲན་སྲུང་གཙི་ཞུ་ཡི་ཡོད་པ་རེད། ལོ་རྒྱུས་ལྡན་པའི་སློབ་གྲྭ་ཞིག་ལ་ཆ་བཞག་ན། ལོ་ངོ་ ༡༢ ནི་དེ་འདྲའི་རིང་པོ་ཞིག་མ་རེད་དེ། ང་ཚོའི་སྤྱི་ཚོགས་དང་གྲོས་ཚོགས་ནང་དཔེ་སྟོན་སློབ་གྲྭ་ཞེས་གླེང་སློང་བྱེད་བཞིན་ཡོད་པ་དེ། འདས་པའི་ལོ་ངོ་ ༡༢ རིང་དཔེ་སྟོན་སློབ་གྲྭར་གཟེངས་སུ་ཐོན་པ་དང་ངོམ་ཆོག་པའི་འགྲུབ་འབྲས་ཐོན་ཡོད་པས་རེད། ཡིན་ནའང་ང་ཚོས་སེམས་འཚབ་བྱེད་དགོས་པའི་གནད་དོན་ཞིག་ནི། ང་ཚོའི་སློབ་ཕྲུག་ཚོས་དཔེ་སྟོན་སློབ་གྲྭར་མུ་མཐུད་སློབ་སྦྱོང་བྱེད་ཐུབ་ཀྱི་མེད་པ་དེ་རེད། དེར་བརྟེན་གནད་དོན་དེའི་ཐད་ང་ཚོ་འབྲེལ་ཡོད་ཚང་མ་མཉམ་རུབ་ཀྱིས་བསམ་བློ་གཏང་སྟེ་གོ་བསྡུར་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད། ཅེས་བརྗོད་སོང་།

མཛད་སྒོའི་སྔ་རྗེས་སུ་སློབ་ཕྲུག་བུ་མོ་བསྟན་འཛིན་འཆི་མེད་དང་བསྟན་འཛིན་ཟླ་སྒྲོན་གཉིས་ཀྱིས་བརྩམས་པའི་སྙན་ངག་མ་ཡུམ་དཔེ་སྟོན་སློབ་གྲྭ་ཞེས་པའི་སྙན་ངག་གྱེར་འདོན་དང་། འཛིན་གྲྭ་ཁག་ཅིག་ནས་གཞིས་སྣ་འཁྲབ་སྟོན་བཅས་གནང་སོང་།

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༡༠/༡༠

Leave a Reply

6 thoughts on “མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དབུ་བརྙེས་ཏེ་མི་ལོ་ཧྲིལ་པོ་ ༡༢ འཁོར།

  1. ༄༅། དཔེ་སྟོན་སློབ་གྲ་ལ་བསྟོད་དོ།
    གཟིགས་དང་གཟིགས་དང་དཔེ་སྟོན་སློག་གྲར་གཟིགས་དང།།
    མ་འོངས་བོད་ལྗོངས་སྐྱོང་མཁན་གསར་སྐྱེས་མེ་ཏོག་ཚོ།།
    ག་ནས་བལྟས་ཀྱང་སྙིང་རྗེ་མེ་ཏོག་པད་མ་འདྲ།།
    མ་འོངས་གངས་རིའི་ལྗོངས་ཀྱི་ཨ་མའང་ཁྱེད་ཚོ་ཡིན།།
    གངས་ལྗོངས་སྐྱོང་བའི་སྲིད་སྐྱོང་དེ་ཁྱེད་ཚོ་ཡིན།།
    གངས་རིའི་ལྗོངས་ཀྱི་མི་མང་སྤྱི་འཐུས་ཁྱེད་ཚོ་ཡིན།།
    གངས་རིའི་ལྗོངས་ཀྱི་ཁྲིམས་ཞིབ་པའང་ཁྱེད་ཚོ་ཡིན།།
    རྒྱལ་བའི་བཀའ་བཞིན་བསྒྲུབ་མཁན་དེ་ཁྱེད་ཚོ་ལགས།།
    དགྲ་ལ་ངོམས་རྒྱུ་གཉེན་ལ་འཆར་རྒྱུ་ཁྱེད་ཚོ་ལགས།།
    མཐོ་དམའ་འབྲིང་གསུམ་ཕ་མ་ནས་མཉམ་རུབ་འཚལ།།
    སྣིང་ལ་རུས་པ་སྐྱེས་ཤིག་མེ་ཏོག་པད་མ་ཚོ།།
    བཀྲིས་བདེ་ལེགས་ཞུ།

  2. ཚེ་རིང་དོན་གྲུབ།

    དཔེ་སྟོན་སློབ་གྲྭ་རྒྱལ་གྱུར་ཅིག
    ཁ་སང་དཔེ་སྟོན་སློབ་གྲྭའི་མཛད་སྒོར་བཅར་རྒྱུ་བྱུང་བ་དང་སློབ་ཕྲུག་ཚོས་གདིང་ཆའི་ཐོག་བོད་ཀྱི་གཞས་སྣ་དང་རིག་གཞུང་འཁྲབ་སྟོན། སྙན་ཚིག་ལ་སོགས་པ་སྐྱོར་སྟོན་གནང་བ་སོགས་ཡིད་རང་ཞུ་དགོས་པ་ཞིག་འདུག མ་ཟད་སློབ་མ་ཚོས་རྩོམ་གནང་བའི་ཚར་ཤོག་སྒོར་བཅུ་བྱས་པ་ཞིག་ཀྱང་སྟོན་གནང་འདུག་པར་རྩོམ་ཡིག་འགར་ཞིབ་ཀློག་བྱེད་རྒྱུ་བྱུང་བས་དཔེ་སྟོན་སློབ་གྲྭའི་དགེ་ལས་སློབ་ཕྲུག་ཡོངས་ཀྱི་བྱས་རྗེས་འབུར་དུ་ཐོན་འདུག་པའི་ཚོར་སྣང་བྱུང་སོང་བས་ཐུགས་བརྗེ་ཆེ་གནང་ཞུ་རྒྱུ་ཡིན། ཡར་རྒྱས་ལ་མཐའ་མེད་པས་མུ་མཐུད་འབད་བརྩོན་གནང་རོགས།
    འདི་དང་ཆབ་གཅིག་ཕྲན་གྱི་ཚོར་སྣང་དུ་མ་བདེ་བ་ཞིག་ནི་དགེ་ཆེ་བསྟན་ཆོས་ལགས་ཀྱི་ལས་འཆར་ནང་༧རྒྱལ་བ་རིན་པོ་ཆེའི་དགོངས་བཞེས་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་དཔེ་སྟོན་སློབ་གྲྭའི་ནང་ལག་བལྟར་གནང་རྩིས་གནང་བ་དེ་ཡིན། དེ་ཡང་གོང་ས་༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་དེ་ང་ཚོ་བོད་པ་ཆོས་ཁས་ལེན་མཁན་རྣམས་ལ་རྩ་བ་ནས་མིན་པ་གསལ་ཐིང་ཐིང་རེད་། བྱས་ཙང་འདིའི་ཐད་དགེ་ཆེ་མཆོག་ནས་དགོངས་པ་ཆེ་བཞེས་གནང་གལ་མཐོང་། བསམ་ཚུལ་ཙམ་ཡིན་པས་མ་འགྲིག་པའི་རིགས་ལ་ཐུགས་གཡེང་མེད་པ་ཞུ།