སྲིད་འཛིན་གོང་མ་རྣམ་པས་ང་ཚོར་སྲུང་སྐྱོབ་ལམ་སྟོན་གནང་རོགས།

ཉིའུ་ཊོན་མི་ནོ་ཡིས་བྲིས།

སྐལ་ལྡན་གྱིས་བསྒྱུར།

བརྩེ་བའི་སྲིད་འཛིན་ཇི་མི་ཀ་ཊར་མཆོག་དང་། ཇོར་ཇི་བྷུ་ཤི་མཆོག བྷིལ་ཁི་ལིན་ཊན་མཆོག ཇོར་ཇི་ཌབ་ལུ་བྷུ་ཤི་མཆོག བྷཱ་རཀ་ཨོ་བྷཱ་མ་མཆོག་བཅས་རྣམ་པར་ཞུ་རྒྱུར།

ཕྲན་གྱིས་ཁྱེད་རྣམ་པ་ཞལ་ཚོར་བ་དང་ཁྱེད་རྣམ་པའི་འཛིན་སྐྱོང་འོག་ལས་དོན་བསྒྲུབས་པའི་བསྐལ་བཟང་ཐོབ་པར་དགའ་སྤོབས་སྐྱེ་བཞིན་ཡོད། ཁྱེད་རྣམ་པ་རང་རེའི་རྒྱལ་ཁབ་ལ་ཐུགས་བརྩེ་ཆེན་པོ་ཡོད་པ་ཡང་ཕྲན་གྱིས་ཤེས་ཀྱི་ཡོད། ཕོ་བྲང་དཀར་པོར་རིན་བྲལ་ཐུགས་ཉམས་ཀྱིས་ཕྱུག་པའི་སྲིད་འཛིན་ཁྱེད་རྣམ་པ་ལྔ། སྔ་རྗེས་སུ་ཕེབས་བཞུགས་གནང་བ་ནི་ང་ཚོའི་རྒྱལ་ཁབ་ཀྱི་བསོད་ནམས་དབང་ཐང་ལོས་ཡིན། ཁྱེད་རྣམ་པས་ལོ་ངོ་སོ་གཉིས་ཧྲིལ་པོར་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་དབང་ཐང་ཡང་དག་པའི་ལམ་ནས་ཕན་ཚུན་བརྒྱུད་སྤྲོད་གནང་ཡོད། རྒྱལ་ཁབ་ཀྱི་ད་ལྟའི་གནས་བབ་སྲུང་སྐྱོབ་ཆེད་ཐུན་མིན་ཁྱད་ཆོས་བཟང་པོ་དེ་རྒྱུན་འཛིན་ལག་བསྟར་བྱེད་པའི་དུས་ལ་བབ་འདུག

ད་ཆ་ང་ཚོ་མི་མང་ཆེ་བས་དུས་ཡུན་ཐུང་ངུའི་གནས་བབ་ལས་བསམ་གཞིགས་བྱེད་ཐུབ་ཀྱི་མི་འདུག ཡ་ང་ཞིང་གོད་ཆག་ཆེ་བའི་གསར་འགྱུར་ཆུ་ཚོད་ ༢༤x༧ གཅིག་རྗེས་གཉིས་མཐུད་ཡོང་མུས་ཡིན་སྟབས། ཟླ་བ་གཅིག་གི་གོང་དུ་གནས་ཚུལ་གང་ཞིག་བྱུང་བ་ཡང་བརྗེད་འགྲོ་བཞིན་ཡོད། སྐུ་ཞབས་ཌོ་ནལ་ཊྲམ་གྱིས་སྲིད་འཛིན་ལས་ཁུར་བཞེས་པ་ནས་བཟུང་གནད་དོན་གང་དང་གང་བྱུང་བ་སོ་སོར་ཡང་ནས་ཡང་དུ་དྲན་གསོ་གཏོང་དགོས་པ་ཆགས་འདུག

  • སྲིད་འཛིན་ཌོ་ནལ་ཊྲམ་གྱིས་སྲིད་ཇུས་ཀྱི་དམིགས་རྟེན་ཁ་གསལ་མེད་པར་རྒྱལ་ཁབ་ཀྱི་གསང་བ་ཕྱི་རྒྱལ་དཔོན་རིགས་ལ་གསལ་སྟོན་བྱས་པ་དང་།
  • སྲིད་འཛིན་གྱི་ལས་ཁུར་ཞུ་བཞིན་དུ་བཟང་སྤྱོད་ཀྱི་རྩ་འཛིན་རྡོག་རོལ་གྱིས་རང་ཁེའི་ཚོང་ལས་ཁ་མི་བྲལ་བར་དོན་གཉེར་བྱེད་པ།
  • མི་རིགས་དཀར་པོ་མཆོག་འཛིན་རིང་ལུགས་པ་དང་། ནཱ་ཛིའི་རིང་ལུགས་པ། ཀུ་ལུ་ཀ་ལང་(Ku Klux Klan) དྲག་སྤྱོད་པ་བཅས་ཀྱི་ངོ་རྒོལ་ལ་སྣང་འཇོག་མི་བྱེད་པར་རྒྱ་ཡན་དུ་གཏོང་བ།
  • ཨ་རི་ཛོ་ན་མངའ་སྡེའི་རྫོང་སྤྱི་ཟུར་པ་ཇཱོ་ཨར་པེ་ཡོ་ཡིས་རིགས་རུས་དབྱེ་འབྱེད་ཀྱི་ནག་ཉེས་ཁྲིམས་ཐོག་ནས་ཐེར་འདོན་བྱས་པར་རྩིས་མེད་བཏང་རུང་། སྲིད་འཛིན་གྱིས་ཁོ་པའི་ནག་ཉེས་ཆག་ཡང་བཏང་བ།
  • ཨ་རིའི་གསང་བའི་ལས་ཁུངས་ཀྱི་ངེས་སྟོན་པ་སྐུ་ཞབས་ཇམ་སེ་ཀོ་མེ་ཡིས། ཌོ་ནལ་ཊྲམ་གྱིས་སྲིད་འཛིན་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྤེལ་སྐབས་ཀྱི་བྱ་སྤྱོད་ལ་ཞིབ་དཔྱོད་ཀྱི་ཇུས་སྟོན་གནང་སྐབས་གནས་དབྱུང་བཏང་བ།
  • ཁྲིམས་རྩོད་པ་དང་། ཚན་རིག་པ། གསར་འགོད་པ་སོགས་མདོར་ན་རང་ཉིད་ལ་ཁ་གཏད་གཅོག་པའི་ཁྱབ་ཁོངས་གང་འདྲ་ཞིག་ཡིན་རུང་དེར་ཨུ་ཚུགས་མཐའ་སྐྱེལ་གྱིས་མིང་ཆད་བཟོ་བ།
  • མཐུན་ཕྱོགས་རྒྱལ་ཁབ་ལ་མཐོང་ཆུང་ཁྱད་གསོད་དང་། རང་ཉིད་ཀྱི་སྲིད་དོན་ཚོགས་པའི་གནད་ཡོད་མི་སྣར་ཚིག་རྩུབ་སྐྱོན་བརྗོད་བྱེད་པ།

མདོར་ན་སྲིད་འཛིན་རང་ཉིད་ཀྱི་བརྟན་ལྷིང་རང་བཞིན་ལ་ཡང་ཉེ་ཆར་ཧ་ལས་དགོས་པའི་ཉེན་བརྡ་བཏང་བའི་གནས་ཚུལ་གཉིས་ཐོན་ཡོད། དང་པོ་དེ་ནི། གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་བྷོབ་ཀོར་ཀར་གྱིས། “སྲིད་འཛིན་གྱིས་ད་བར་ལག་ལེན་དོན་འཁྱོལ་གང་ཡང་བྱུང་མེད། ཁོང་གིས་རྒྱལ་ཁབ་འདིའི་ཁྱད་ཆོས་མཁྱེན་གསལ་རེད། ད་བར་རང ཉིད་བརྟན་ལྷིང་བཟོ་ཐུབ་པ་ཙམ་ཡང་བྱུང་མེད་ལ། བྱ་བ་ལམ་ལྷོང་ཡོང་བར་རང་ཉིད་ཀྱི་འབྱོན་ཐང་རེ་ཟུང་ཡང་སྟོན་ཐུབ་པ་བྱུང་མེད།”ཅེས་བརྗོད་ཡོད།

གཉིས་པ་དེ་ནི། རྒྱལ་ཡོངས་གསང་བའི་ལས་དོན་ཁང་གི་ངེས་སྟོན་པ་ཟུར་པ་སྐུ་ཞབས་ཇམ་སེ་ཀེ་ལེ་པར་གྱིས། “ངས་ཁོང་གི་འབྱོན་ནུས་དང་། འགན་འཁུར་འོས་བབ་ཐོག་འདྲི་རྟགས་ཆེན་པོ་འགོད་བཞིན་ཡོད། ཁོང་གི་ཀུན་སློང་ཐད་ལ་ཡང་སོམ་ཉི་དང་དོགས་འཆར་སྐྱེ་བཞིན་འདུག”ཅེས་བརྗོད་ཡོད་པ་དག་ཡིན། ཉེན་བརྡ་དེ་དག་ལས་ང་ཚོས་ད་ལྟའི་སྲིད་འཛིན་གྱི་བརྟན་ལྷིང་རང་བཞིན་ལ་བསམ་གཞིགས་ནན་པོ་མི་བྱེད་ཀ་མེད་དུ་གྱུར་ཡོད།

གསར་འགྱུར་བརྒྱུད་ལམ་ཁག་གིས་སྤེལ་བའི་གནས་ཚུལ་ལྟར་ན། བྱང་ཀོ་རི་ཡ་བ་རྣམས་སྲིད་འཛིན་ཊྲམ་དང་ཁོང་གི་འཛིན་སྐྱོང་སྐུ་ཚབ་རྣམས་ཀྱི་མདུང་རྩེ་ཁ་སྤྲོད་ཀྱི་བརྡ་ལན་གྱིས་ཡིད་རྨོངས་ནས་བསྡད་ཡོད་སྐོར་བརྗོད་ཀྱི་ཡོད། དེས་ན་ཕྲན་གྱིས་ཨ་མི་རི་ཀའི་མི་མང་འཐུས་ཚབ་གོང་མ་རྣམས་ཀྱིས། རྒྱལ་ཁབ་ཀྱི་སྲིད་ཇུས་དངོས་ར་སྤྲོད་དྭགས་སེལ་བྱེད་རྒྱུ་དུས་ལ་བབ་པའི་རེ་སྐུལ་ཞུ་བཞིན་ཡོད། དམག་འཁྲུག་ནི་རྒྱུན་དུ་ཕན་ཚུན་སོམ་ཉི་དང་། རྩིས་ནོར། འཁྲུལ་སྣང་། འབྲེལ་ལམ་ཆད་པ་སོགས་ལས་ཡོང་གི་ཡོད།

རྒྱ་ཆེའི་ཨ་རིའི་མི་མང་ས་ཡ་དུ་མས་རང་རིགས་སྤུན་མཆེད་དང་གྲོགས་པོ་ནང་ཁུལ་གནད་དོན་དེའི་ཐོག་གླེང་སློང་བྱེད་མུས་རེད། མཇུག་འབྲས་ཅི་ཞིག་ཡོང་མིན་དོགས་འཆར་སྣ་ཚོགས་སྐྱེ་བཞིན་ཡོད། འོན་ཀྱང་མི་མང་ཁྲོད་རྒྱལ་ཁབ་ཀྱི་དཀའ་རྙོག་དེར་གདོང་ལེན་བྱེད་པའི་དབྱེ་ཞིབ་ནན་པོ་བྱས་པ་གང་ཡང་བྱུང་མེད་པ་རེད།

དེར་བརྟེན་ཕྲན་གྱིས་སྲིད་འཛིན་གོང་མ་རྣམ་པ་ལྔ་ལྷན་འཛོམས་ཀྱིས་བཀའ་བསྡུར་དང་། འགོ་ཁྲིད་ཀྱི་ནུས་པས་མ་འདང་བའི་སྟོང་ཆ་སྐོང་བའི་རོགས་རམ་གནང་བའི་རེ་བ་དང་ཡིད་ཆེས་ཞུ་བཞིན་ཡོད། ཁྱེད་རྣམ་པ་འགའ་ཞིག་གིས་སྲིད་འཛིན་ཊྲམ་གྱི་ལས་དོན་ལ་སྐྱོན་བརྗོད་གནང་ཡོད། འོན་ཀྱང་། ལྷན་རྒྱས་ཀྱིས་མགྲིན་གཅིག་ཏུ་གནང་ཐུབ་ན་ཤུགས་རྐྱེན་ཆེ་བ་སྤྲོད་ཐུབ་རྒྱུ་གདོན་མི་ཟ་བ་ཞིག་རེད།

ཁྱེད་རྣམ་པས་རྩ་ཁྲིམས་ཀྱི་སྒྲོམ་གཞི་དང་ཁྲིམས་ཀྱི་དབང་སྒྱུར་འོག་གང་ཟག་དབང་འཛིན་པས་ཤར་བསྐྱོད་བྱེད་རྒྱུ་ཇི་ཙམ་གལ་ཆེ་བ་མཁྱེན་གྱི་ཡོད་ལ། བརྟན་ཚུགས་མེད་པའི་མི་ཞིག་གི་ལག་འོག་ཏུ་དབང་ཆ་ཤོར་ཚེ་རྒྱལ་ཁབ་དེར་ཉེན་ཁ་ཇི་ཙམ་ཆེན་པོ་ཡོད་པ་ཡང་གསལ་པོ་མཁྱེན་གྱི་ཡོད། ཁྱེད་རྣམ་པས་སྲིད་འཛིན་གྱི་ཐུགས་འགན་བཞེས་པའི་ཉིན་མོ་དེར། ཕྱག་འོག་གི་རྡུལ་ཕྲན་མཚོན་ཆའི་གསང་རྟགས་དེ་ཇི་ཙམ་གཙིགས་ཆེར་འཛིན་པ་ཕྲན་གྱིས་ཚོར་ཐུབ་པ་ཞིག་ཡིན།

རང་རེའི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཐོག་མར་གཏན་འབེབས་གནང་སྐབས། ཧྥི་ལ་ཌ་ཧྥ་ཡ་གྲོང་ཁྱེར་གྱི་མི་རྣམས་ཀྱིས་བྷན་ཇ་མིན་ (Benjamin Franklin) ལ། “ཁྱོད་ཀྱིས་ང་ཚོར་རྒྱལ་པོའི་སྲིད་དབང་དང་སྤྱི་མཐུན་རྒྱལ་ཁབ་གང་ཞིག་སྤྲད་པ་ཡིན།”ཞེས་དྲིས་པར། ཁོང་གིས་“གལ་སྲིད་ཁྱོད་ཚོས་སྟངས་འཛིན་བྱེད་ཐུབ་ཚེ་སྤྱི་མཐུན་རྒྱལ་ཁབ་སྤྲད་ཡོད།”ཅེས་བརྗོད་ཡོད། དེས་ན་ཨ་རི་བ་ཚོས་རང་རེའི་སྤྱི་མཐུན་རྒྱལ་ཁབ་དང་། རང་རེའི་རྒྱལ་ཁབ་ཀྱི་རྩ་ཁྲིམས། རང་རེའི་མི་ཚེའི་ལམ་ལུགས་བཅས་བདག་འཛིན་བྱེད་འདོད་ལོས་ཡོད།

ཡུལ་གྲུ་ཁག་གི་མི་རྣམས་ཀྱིས་ང་ཚོའི་རྒྱལ་ཁབ་ཀྱི་འགོ་ཁྲིད་ཀྱི་ནུས་པར་ཡིད་སྨོན་སྐྱེ་བཞིན་ཡོད། འོན་ཀྱང་ད་ལྟའི་དུས་བབ་འདིས་ཕྱིས་འབྱུང་ཇི་འདྲ་ཞིག་ཏུ་འགྱུར་མིན་སེམས་འཚབ་ཀྱི་རང་བཞིན་ལས་མ་འདས།

ཕྲན་གྱིས་སྲིད་འཛིན་གོང་མ་རྣམ་པ་ལྔའི་བློ་གྲོས་ཀྱི་ནུས་མཐུ་དང་། རྒྱལ་ཞེན་ལྷག་བསམ། ཞུམ་མེད་སྙིང་སྟོབས་བཅས་གོང་བུ་གཅིག་ཏུ་བསྒྲིལ་བའི་རེ་བ་ཞུ་བཞིན་ཡོད། ཁྱེད་རྣམ་པས་མགྲིན་གཅིག་ཏུ་ད་ཡོད་ལོག་སྤྱོད་ཀྱི་ཁ་གཏད་དུ་བཞེངས་ཏེ། རྩ་ཁྲིམས་ཀྱི་རིན་ཐང་སླར་ཡང་ར་སྤྲོད་གནང་ཐུབ་པ་དགོས་ལ། ཨ་མི་རི་ཀའི་རྒྱལ་ཁབ་ཀྱི་ལས་དབང་དང་ཆེ་མཐོང་སླད་ཁྱེད་རྣམ་པས་ད་ལྟ་རང་འབོད་སྒྲ་སྒྲོག་དགོས་པའི་དུས་ལ་བབ་ཡོད།

སྐུ་ཞབས་ཉིའུ་ཊོན་མི་ནོ་ (Newton N. Minow) ལགས་ནི་ཨ་རིའི་སི་ལེ་ཨོ་སི་ཊིན་ཁྲིམས་ལུགས་སློབ་གཉེར་ཁང་གི་སློབ་སྟོན་པ་རྒན་གྲས་ཤིག་ཡིན། ཁོང་གིས་སྲིད་འཛིན་ཇི་མཱི་ཀ་ཊར་ (Jimmy Carter) གྱི་ལས་ཡུན་སྐབས་དེ་ཕྱི་ལོ་ ༡༩༧༨ ལོ་ནས་ ༡༩༨༠ བར་མི་མང་གློག་འཕྲིན་རྒྱང་སྲིང་ཞབས་ཞུ་ཁང་གི་འགན་འཛིན་གནང་ཡོད་པ་དང་། སྲིད་འཛིན་༤༡ པ་ཇོར་ཇི་བྷུ་ཤུ་ (George H W Bush) དང་། སྲིད་འཛིན་ ༤༢ བྷིལ་ཁི་ལི་ཊན།(Bill Clinton) སྲིད་འཛིན་ ༤༣ པ་ཇོར་ཇི་བྷུ་ཤ་George W Bush བཅས་སྲིད་འཛིན་གསུམ་གྱི་ལས་ཡུན་རིང་། སྲིད་འཛིན་གྱིས་ཐད་བསྐོས་བདེ་སྲུང་ལྷན་ཁང་གི་ཞིབ་དཔྱོད་ཚོགས་མིའི་ལས་འཁུར་བཞེས་ཡོད། སྲིད་འཛིན་ཨོ་བྷཱ་མའི་སྐབས་སུ་ཡང་གཞུང་འབྲེལ་མ་ཡིན་པའི་སྲིད་འཛིན་གྱི་ལམ་སྟོན་པའི་ཞབས་ཞུ་བསྒྲུབས་ཡོད་ལ། ཨོ་བྷཱ་མས་སྲིད་འཛིན་གྱི་རང་དབང་གཟེངས་རྟགས་ཞེས་པ་དེ་ཡང་ཁོང་ལ་ཕུལ་ཡོད་པ་རེད།

མ་ཡིག་གི་འབྲེལ་ཐག https://www.washingtonpost.com/opinions/to-the-five-former-presidents-you-can-lead-us-to-safety/2017/10/06/5edbd3a0-94c4-11e7-aace-04b862b2b3f3_story.html?utm_term=.61d7d1ca725b

བསྐྱར་བཅོས།: ༢༠༡༧/༡༠/༡༢

Leave a Reply

2 thoughts on “སྲིད་འཛིན་གོང་མ་རྣམ་པས་ང་ཚོར་སྲུང་སྐྱོབ་ལམ་སྟོན་གནང་རོགས།

  1. གཞུང་པ་ཚེ་དབང་བསོད་ནམས་ཡ

    སྲིད་འཛིན་གོང་མ་རྣམས་ཀྱི་སྦྱིན་རླབས་ལས་ཐོག་སྲིད་འཛིན་ཊོ་རོམ་ཕིའི་སེམས་ལ་འཇུག་པ་ཤོག་།