བོད་རིཊ་འདྲིས་མའི་ཚོཊ་འདུ་འཚོཊ་བཞིན་འདུག

བོད་རིགས་འདྲིས་མའི་ཚོགས་འདུ་ཐེངས་གསུམ་པའི་འགན་འཁུར་བས་འཛམ་གླིང་གི་ཡུལ་ཕྱོགས་གང་སར་འཐོར་བའི་བོད་རིགས་འདྲིས་མའི་གཞོན་སྐྱེས་ཚོས་དྲ་ལམ་བརྒྱུད་བར་ཐག་རིང་བའི་དཀའ་ངལ་སེལ་ཐབས་བྱེད་ཀྱི་ཡོད་སྐོར་བརྗོད་བྱུང་།

བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག ཕྱིའི་རྒྱལ་ཁབ་ཁག་གི་བོད་རིགས་འདྲེས་མའི་ཚོགས་འདུ་ཐེངས་གསུམ་པ་དེ་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་། ཟླ་འདིའི་ཕྱི་ཚེས་ ༩ ནས་ ༡༣ བར་འཚོགས་བཞིན་འདུག ཚོགས་འདུའི་ནང་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་ཁག་ ༡༠ ནས་རང་ལོ་ ༡༤ ནས་ ༤༡ བར་གྱི་བོད་རིགས་འདྲེས་མའི་ན་གཞོན་ ༡༤ ལྷག་འཛོམས་ཡོད་པ་དང་། ཚོགས་འདུའི་ཉིན་ལྔ་རིང་ཕྱིའི་རྒྱལ་ཁབ་ཁག་ནང་ཡོད་པའི་བོད་རིགས་འདྲེས་མ་ཕན་ཚུན་ངོ་སྤྲོད་དང་བསམ་ཚུལ་བརྗེ་རེས། བོད་པའི་ངོ་བོ་གཅེས་སྲུང་གནང་ཕྱོགས་བཅས་ཀྱི་སྐོར་བགྲོ་གླེང་གོ་བསྡུར་གནང་བཞིན་ཡོད་འདུག

ཚོགས་འདུའི་འགན་འཁུར་བ་བོད་སོག་འདྲེས་མ་ཀུན་བཟང་སྐལ་ལྡན་ལགས་ཀྱིས་འདི་གའི་གསར་འགོད་པར་ཚོགས་འདུའི་དགོས་དམིགས་སྐོར་ངོ་སྤྲོད་གནང་དོན། ད་ལྟའི་བོད་ཀྱི་གནས་བབ་འདིའི་འོག་ནས་བོད་མི་མང་པོ་ཞིག་འཛམ་གླིང་གི་ཕྱོགས་གང་སར་ཁ་འཐོར་དུ་ཕྱིན་ཡོད་པར་བརྟེན། བོད་ཀྱི་སྤྱི་ཚོགས་ཤིག་གི་ནང་འཚར་ལོངས་མ་བྱུང་བའི་བོད་རིགས་འདྲེས་མ་ཞིག་ལ་ཆ་བཞག་ན། རང་གི་རིག་གཞུང་དང་སྐད་ཡིག་མ་ཤེས་པ་ཙམ་མིན་པར་ཕན་ཚུན་འབྲེལ་འདྲིས་མ་ཐུབ་པ་དེའང་དཀའ་ངལ་ཆེ་ཤོས་ཤིག་ཡིན་སྟབས། ཚོགས་འདུ་འདི་བརྒྱུད་ནས་ང་ཚོས་བོད་རིགས་འདྲེས་མ་ཕན་ཚུན་འབྲེལ་བ་ཡོང་ཐབས་བྱེད་ཀྱི་ཡོད་པ་མ་ཟད། རང་གི་ཆོས་དང་སྐད་ཡིག་རིག་གཞུང་། དེ་བཞིན་ལོ་རྒྱུས་རྣམས་ལ་རྒྱུས་ལོན་བྱེད་ཐབས་དང་། བོད་རིགས་འདྲེས་མ་ཕན་ཚུན་བར་དངོས་སུ་ཐུག་འཕྲད་ཀྱིས་སོ་སོའི་ངོ་བོ་འཚོལ་བ་དང་བསམ་ཚུལ་བརྗེ་ལེན་བྱེད་ཀྱི་ཡོད། དེང་སྐབས་འཛམ་གླིང་གི་ཕྱོགས་གང་སར་ཁྱབ་ཡོད་པའི་བོད་རིགས་ཚང་མ་ས་ཆ་ཞིག་ཏུ་མཉམ་གནས་ཐུབ་ཐབས་བྲལ་སྟབས། ཚོགས་འདུ་འདི་བརྒྱུད་ནས་ང་ཚོ་ཕན་ཚུན་གཅིག་གིས་གཅིག་འཚོལ་དགོས་ན་ལས་སླ་མོའི་ཐོག་འབྲེལ་བ་བྱེད་ཐུབ་པའི་ཐབས་ལམ་འཚོལ་གྱི་ཡོད་པ་རེད། ཅེས་བརྗོད་བྱུང་།

ཡང་ཁོང་གིས། ལོ་ཤས་གོང་ནས་ང་ཚོས་བོད་རིགས་འདྲེས་མ་ཕན་ཚུན་འབྲེལ་ལམ་འཛུགས་ཐབས་བྱས་པ་ཡིན། ཐོག་མར་ང་ཚོས་རྒྱ་དྲྭ་བརྒྱུད་འགེང་ཤོག་བཟོས་ཏེ། གལ་ཏེ་བོད་རིགས་འདྲེས་མ་ཕན་ཚུན་ཐུག་འཕྲད་ཀྱིས་ཚོགས་འདུ་བགྲོ་གླེང་དེ་འདྲ་གོ་སྒྲིག་བྱས་ན་འདོད་མོས་ཡོད་མེད་སྐོར་སྐད་ཆ་དྲིས་རྗེས། ང་ཚོས་བོད་རིགས་འདྲེས་མ་ཞེས་པའི་ངོ་དེབ་དང་དྲ་ཚིགས་ཁ་ཤས་ཤིག་བཟོས་ནས་ཕན་ཚུན་འབྲེལ་ལམ་བྱེད་མགོ་བརྩམས་པ་ཡིན། ང་ཚོས་དེང་སྐབས་ཀྱི་སྤྱི་ཚོགས་དྲ་ལམ་དང་རྒྱ་དྲྭ་དེ་ཚོ་བེད་སྤྱོད་གཙོ་བོ་བྱས་ཏེ། ང་ཚོ་ཕན་ཚུན་འབྲེལ་ལམ་བྱེད་མ་ཐུབ་པའི་དཀའ་ངལ་དང་བར་ཐག་དེ་སེལ་ཐབས་བྱེད་ཀྱི་ཡོད། ཅེས་བརྗོད་བྱུང་།

ཟླ་འདིའི་ཕྱི་ཚེས་ ༩ ཉིན་གྱི་སྔ་དྲོར་བོད་རིགས་འདྲེས་མའི་ཚོགས་བཅར་བ་རྣམས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་མཆོག་ལ་མཇལ་བཅར་ཞུས་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་ནས་བོད་རིགས་འདྲེས་མ་ཡིན་རུང་ཚང་མ་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་རྒྱུ་གལ་ཆེན་པོ་ཡིན་པར་མ་ཟད། ནང་ཆོས་ཀྱི་ལྟ་གྲུབ་དང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་ལ་སློབ་སྦྱོང་གནང་རྒྱུ་ཡང་གལ་ཆེན་པོ་ཡིན་པ་དང་། དེ་ལྟར་ཡོང་བར་གཙོ་བོ་བོད་སྐད་ཡིག་སྦྱོང་རྒྱུ་ནི་ཧ་ཅང་གལ་འགངས་ཆེན་པོ་ཡིན་པའི་བཀའ་སློབ་ལམ་སྟོན་གནང་ཡོད་འདུག སང་ཉིན་ཕྱི་དྲོར་ཁོང་རྣམ་པས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་མཇལ་འཕྲད་ཞུ་རྒྱུ་ཡིན་འདུག

ད་རེས་བཞུགས་སྒར་དྷ་རམ་ས་ལར་ཚོགས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་རིགས་འདྲེས་མའི་ཚོགས་འདུ་དེ་ཚོགས་ཐེངས་གསུམ་པ་ཆགས་ཡོད་པ་དང་། ཚོགས་འདུ་ཐེངས་དང་པོ་དེ་ ༢༠༡༤ ལོར་དབྱིན་ཇིའི་རྒྱལ་ས་ལོན་ཊོན (London) དང་། ཚོགས་ཐེངས་གཉིས་པ་དེ་སུད་སིའི་གྲོང་ཁྱེར་རྫོ་རེག་ (Zurich) ནང་ཚོགས་ཡོད་པ་དང་། ཚོགས་འདུ་ཐེངས་བཞི་པ་དེ་ཨ་རིའི་ནང་འཚོགས་འཆར་ཡོད་འདུག

གསར་འགོད་པ། ཉི་མ་ཚེ་རིང་།

 

བསྐྱར་བཅོས།: ༢༠༡༧/༡༠/༡༡

Leave a Reply

7 thoughts on “བོད་རིཊ་འདྲིས་མའི་ཚོཊ་འདུ་འཚོཊ་བཞིན་འདུག

  1. རྒྱུད་གྲྭ་བློ་བཟང་དབང་འདུས།

    བོད་རིགས་འདྲེས་མ་ཡིན་གྱི་མ་རེད། mix fruits Jam ཡིན་གྱིས་རེད། ང་རང་ mix fruits Jam ལ་དགའ་པོ་ཡོད། བོད་རིགས་འདྲེས་མ་ལ་དགའ་པོ་མེད་ཏོ། མི་རིགས་ནི་ཙང་མ་དགོས་ཀྱི་ཡོད། གལ་སྲིད་ཚོགས་འདུ་ཚོགས་པ་ཡིན་ན། མི་རིགས་གཅིག ཆོས་ལུགས་གཅིག རིགས་གཞུང་གཅིག བོད་རིགས་ཙང་མ། བོད་སྐད་ཙང་མ། གནང་རོགས་གནང་།