རྒྱ་ནག་གཞུང་གིས་ཏང་གི་དཔོན་རིགས་ཚོས་ལྐོག་ཟ་རུལ་སུངས་བྱས་ཏེ་རང་ཉིད་ཀྱི་གཟི་བརྗིད་ཉམས་པའི་རྩ་བ་ཆོས་ལུགས་རྨོངས་དད་ལ་ཐུག་ཡོད་ཚུལ་བཤད་འདུག
དེ་རིང་རྒྱ་ནག་དམར་ཤོག་ཚོགས་པའི་མི་མང་ཉིན་རེའི་ཚགས་པར་གྱིས་གནས་ཚུལ་སྤེལ་ཏེ། དམར་ཤོག་རིང་ལུགས་ནི་ལྷ་མེད་སྨྲ་བ་ཡིན་པས། དམར་ཤོག་ཚོགས་པའི་དཔོན་རིགས་ཚོས་ལྷ་དང་དཀོན་མཆོག་ལ་གསོལ་འདེབས་བྱེད་མི་ཆོག ཏང་གི་དཔོན་རིགས་ཚོས་ལྐོག་ཟ་རུལ་སུངས་བྱས་ཏེ་རང་ཉིད་ཀྱི་གཟི་བརྗིད་ཉམས་པའི་རྩ་བ་ཆོས་ལུགས་རྨོངས་དད་ལ་ཐུག་ཡོད་སྐོར་བསྒྲགས་འདུག
དེ་ཡང་གནས་ཚུལ་དེའི་ནང་། འདས་པའི་ལོ་ངོ་ཁ་ནས་རིང་ཏང་གི་དཔོན་རིགས་ཁག་ཅིག་གིས་ལྐོག་ཟ་རུལ་སུངས་བྱས་པར་མ་ཟད། ད་དུང་ཞིང་བྲན་རིང་ལུགས་ཀྱི་རྨངས་དད་བྱེད་སྒོ་ཁག་ལ་མཉམ་ཞུགས་བྱེད་བཞིན་པ་མཐོང་གི་འདུག་ལ། དཔོན་རིགས་ཁ་ཤས་དགོན་སྡེ་ཁག་ཏུ་སོང་ནས་ལྷ་དང་དཀོན་མཆོག་ལ་གསོལ་འདེབས་བྱེད་ཀྱི་འདུག ཡང་དཔོན་རིགས་ཁ་ཅིག་གྲྭ་ཆས་གྱོན་པའི་བླ་མ་དག་གི་དབང་འོག་ཏུ་ཚུད་ནས་གྲོགས་སྒྲིག་སྟེ། བླ་མ་ཚོ་ནི་སོ་སོའི་དངུལ་གྱི་ཡོང་ཁུངས་དང་ལམ་འགྲོ་ཡི་སྐྱབས་གནས་ལྟ་བུར་ངོས་འཛིན་གྱི་འདུག དཔེར་ན། སི་ཁྲོན་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་ལི་ཁྲུན་ཁྲིང་ (Li Chuncheng) གྱིས་ཏང་གི་དབང་ཆ་ལོག་སྤྱོད་དང་ལྐོག་རྔན་སྤྲོད་ལེན་བྱས་པར་མ་ཟད། ཁོས་ད་དུང་རྒྱ་ནག་གི་སྲོལ་རྒྱུན་མོ་རྩིས་ (Fengshui) ལ་རྨོངས་དད་བྱས་སྟབས། ཕྱི་ལོ་ ༢༠༡༥ ལོར་ཁོ་ལ་ལོ་ ༡༣ གྱི་ཁྲིམས་ཆད་ཕོགས་པ་རེད། ཏང་གི་དཔོན་པོ་ཞིག་ཡིན་པའི་ཆ་ནས། ཏང་ལ་བློ་མ་དཀར་བ་ཡིན་ན་ལམ་འགྲོ་ཡོང་གི་མ་རེད། དཔོན་རིགས་ཚོས་བློ་མཐུན་མར་ཁེ་སི་ཡིས་གསུངས་པའི་དམར་ཤོག་རིང་ལུགས་ལྷ་མེད་སྨྲ་བའི་ལམ་སྟོན་ལ་དྲན་གསོ་བྱེད་དགོས་པ་དང་། རྨོངས་དད་ནི་བསམ་བློའི་དུག་རླངས་དང་སྦྲིད་སྨན་ལྟ་བུ་ཡིན་པས། ངེས་པར་དུ་རང་ཉིད་ཀྱི་ཀླད་པར་ཕྱི་དོར་བྱེད་དགོས། ཞེས་སོགས་བརྗོད་འདུག
རྒྱ་ནག་གཞུང་གིས་རིག་གནས་གསར་བརྗེ་ཆེན་མོ་ཞེས་པའི་ལས་འགུལ་སྤེལ་ཏེ། ཆོས་ལུགས་ཉམས་ལེན་གྱི་རང་དབང་ལ་བཀོག་སྡོམ་ཚད་ལས་བརྒལ་བ་བྱས་ཡོད་ཀྱང་། ༡༩༧༠ ནང་ནས་བཟུང་རིམ་གྱིས་བཅོས་སྒྱུར་སྒོ་འབྱེད་བྱས་པར་མ་ཟད། རྩ་ཁྲིམས་ནང་དུའང་ཆོས་ལུགས་ཚང་མར་རང་དབང་ཡོད་ལུགས་བཀོད་ཡོད་ནའང་། རྒྱ་ནག་གཞུང་གིས་དམར་ཤོག་རིང་ལུགས་ནི་ལྷ་མེད་སྨྲ་བ་ཡིན་པས། གྲངས་ཉུང་མི་རིགས་ཁག་དང་། ལྷག་པར་དུ་དམར་ཤོག་ཚོགས་པའི་དཔོན་རིགས་ཚོས་ཆོས་ལུགས་ལ་དད་མོས་དང་། མོ་རྩིས་ལ་ཡིད་ཆེས་བྱེད་མི་ཆོག་ཅེས་མི་མང་གི་དད་མོས་རང་དབང་ལ་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་པ་རེད། ཕྱི་ལོ་ ༢༠༡༢ ལོར་ཞི་ཅིན་ཕིན་གྱིས་དམར་ཤོག་ཚོགས་པའི་སྲིད་དབང་བཟུང་བ་ནས་ནང་ཁུལ་གྱི་ལྐོག་ཟ་རུལ་སུངས་གཙང་བཤེར་གྱི་ལས་འགུལ་ (Anti-corruption campaign) སྤེལ་ཏེ། སྔ་རྗེས་སུ་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་མགོ་འཁྲིད་ཟུར་བ་ཀྲུའུ་ཡོང་ཁཱང་ (Zhou Yongkang) དང་། དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་འཁྲིད་ལིན་ཅི་ཧྭ་སོགས་ཀྱི་གཙོས་པའི་གནད་ཡོད་མཐོ་རིམ་དཔོན་རིགས་ ༡༢༠ ལ་ཞིབ་བཤེར་དང་བཙོན་འཇུག་བྱས་ཡོད་པར་མ་ཟད། འབྲེལ་ཡོད་ལས་བྱེད་ ༡༠༠༠༠༠ ལྷག་ལ་ཉེས་འཛུགས་བྱས་ཡོད་པ་རེད།
གསར་འགོད་པ། པདྨ་རྒྱལ།