གནས་ཆུང་སྐུ་རྟེན་མཆོག་ལ་བརྟན་བཞུཊ་ཕུལ།

གནས་ཆུང་སྐུ་རྟེན་མཆོག་ལ་བརྟན་བཞུགས་འབུལ་སྐབས་༧གོང་ས་མཆོག་དང་གནས་ཆུང་གཉིས་མི་དང་མི་ཐུག་པ་ལྟ་བུའི་འབྲེལ་བ་གནང་བར་སྐུ་རྟེན་གལ་ཆེན་པོ་ཡིན་པས་ཁོང་སྐུ་ཚེ་ཡུན་རིང་བརྟན་པའི་གསོལ་འདེབས་ཞུ་ཡོད་ཅེས་གསུངས་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ སྟེང་གནས་ཆུང་སྒྲ་དབྱངས་གླིང་དུ། འབྲས་སྤུངས་བདེ་ཡངས་གྲྭ་ཚང་གིས་གནས་ཆུང་སྐུ་རྟེན་ཐུབ་བསྟན་དངོས་གྲུབ་མཆོག་དགུང་གྲངས་དྲུག་ཅུར་ཕེེེབས་པར་བརྟན་བཞུགས་བསྟར་འབུལ་ཞུས་སོང་བ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་དབུས་བཀའ་བློན་རྣམ་པ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གི་གཙོས་སྤྱི་འཐུས་རྣམ་པ། དེ་བཞིན་འབྲེལ་ཡོད་དགོན་སྡེ་ཁག་གི་གྲྭ་བཙུན་དང་མི་མང་བཅས་འཛོམས་འདུག

བརྟན་བཞུགས་ལྗགས་བཤད་སྐབས་འབྲས་སྤུངས་བདེ་ཡངས་གྲྭ་ཚང་གི་བླ་མ་ཆོས་སྐྱབས་རིན་པོ་ཆེ་མཆོག་གིས། སྐུ་རྟེན་ཐུབ་བསྟན་དངོས་གྲུབ་མཆོག་དང་གནས་ཆུང་ཆོས་རྒྱལ་རིན་པོ་ཆེའི་བྱུང་རིམ་ལོ་རྒྱུས་ངོ་སྤྲོད་གནང་སྐབས། སྐུ་རྟེན་ཐུབ་བསྟན་དངོས་གྲུབ་མཆོག་ནི་ཕྱི་ལོ་ ༡༩༥༨ ལོར་སྐུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༦༦ ལོར་འབྲག་ཡུལ་བརྒྱུད་དེ་བལ་ཡུལ་དང་། རྒྱ་གར་ནང་སྐྱབས་བཅོལ་དུ་ཕེབས་པ་དང་། ཕྱི་ལོ་ ༡༩༦༩ ལོར་གནས་ཆུང་གྲྭ་ཚང་གི་ཆོས་སྒོར་ཞུགས་ཏེ་ཆོས་ཕྱོགས་ཀྱི་བྱེད་སྒོ་རྣམ་གསུམ་ལ་ཚུལ་བཞིན་མཛད་པ་བསྐྱངས་ཡོད་པ་རེད། གནས་ཆུང་ཆོས་རྒྱལ་རིན་པོ་ཆེ་མཆོག་ནི་དངོས་དོན་གྱི་རྒྱལ་བ་རིག་ལྔའི་ངོ་བོ་ཡིན་པ་མ་ཟད། སངས་རྒྱས་ཀྱི་བསྟན་པ་སྲུང་ཕྱིར་དྲག་པོའི་རྣམ་པར་སྤྲུལ་བ་ཞིག་ཡིན་པ་དང་། དེ་ཡང་༧གོང་ས་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ་མཆོག་ནས་སྐུ་ཕྲེང་རིམ་བྱོན་བར་ཐུན་མོང་མ་ཡིན་པའི་འབྲེལ་ལམ་དམ་ཟབ་ཡོད་པ་ཤིག་ཡིན། ༧གོང་ས་སྐུ་ཕྲེང་ ༡༤ པར་མཚོན་ནའང་། དགུང་ལོ་ཆུང་དུས་ནས་རྒྱལ་སྲིད་ཆོས་སྲིད་བཞེས་དགོས་པའི་སྐུལ་མ་མཛད་ཡོད་པ་མ་ཟད།  ལྷག་པར་དུ་བོད་ལ་རྒྱ་དམར་གྱིས་དྲག་གནོན་བྱེད་སྐབས།  འཕྲལ་དུ་ཕྱི་ཕྱོགས་སུ་ཉེན་གཡོལ་དུ་ཕེབས་དགོས་པའི་སྐུལ་མ་མཛད་དེ། ༧གོང་ས་མཆོག་དུས་ཚོད་དང་ལམ་ཁ་སོགས་གང་ནས་ཕེབས་དགོས་པའི་བཀའ་ལུང་གསལ་པོར་གནང་ཡོད་སྟབས།  ༧གོང་ས་མཆོག་ལ་རྒྱ་དམར་གྱིས་དྲག་གནོད་བཀག་འགོག་ཇི་ལྟར་བྱས་ཀྱང་། གྲ་སྒྲིག་འཐུས་ཚང་ཐོག་ཉེས་ཤོར་མེད་པར་རྒྱ་གར་ལ་སྐྱབས་བཅོལ་དུ་ཕེབས་ཐུབ་པ་བྱུང་ཡོད། ༧གོང་ས་མཆོག་གིས་ཐག་གཅོད་དཀའ་བའི་ལས་དོན་གལ་ཆེན་རིགས་དཔལ་ལྡན་ལྷ་མོ་དང་། གནས་ཆུང་གཉིས་ལ་བཀའ་འདྲི་ཞུས་ཏེ་ཐག་གཅོད་གནང་གི་ཡོད་པ་རེད། ཅེས་གསུངས་སོང་།

ཡང་ཁོང་གིས་མུ་མཐུད། ༧གོང་ས་མཆོག་གིས་གནས་ཆུང་ཆོས་རྒྱལ་གནད་འགག་ལ་ཐུག་སྐབས་ཡིད་ཆེས་བསླུ་བ་མེད་པ་ཞིག་རེད་ཅེས་དང་། གནས་ཆུང་ཆོས་རྒྱལ་ལ་རྒྱུས་མངའ་ཆེ་ཤོས་ངོས་རང་ཡིན། ངོས་རང་ལ་རྒྱུས་མངའ་ཆེ་ཤོས་གནས་ཆུང་ཆོས་རྒྱལ་ཡིན་ཞེས་གསུངས་མྱོང་བ་ལྟར། གནས་ཆུང་དེ་ལྷ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཡིན་པ་དང་། ༧གོང་ས་སྐུ་ཕྲེང་རིམ་བྱོན་གྱི་སྐུ་ཚེའི་མཛད་འཕྲིན་རྒྱས་པ་དང་། རྐྱེན་ངན་སེལ་བ། མཐུན་རྐྱེན་འཕྲིན་ལས་འགྲུབ་ཆེད་དྲག་པོའི་སྐུར་བཞེངས་པ་ཞིག་རེད། གནས་ཆུང་ཆོས་རྒྱལ་ཆེན་པོའི་སྐུ་རྟེན་རིམ་བྱོན་དུ་བྱུང་བའི་སྐུ་རྟེན་ ༡༧ པ་མི་རྗེ་ཐུབ་བསྟན་དངོས་གྲུབ་མཆོག་ནི་ཕྱི་ལོ་ ༡༩༨༧ ནས་ཕྱི་ལོ་ ༢༠༡༧ བར་ལོ་ངོ་སུམ་ཅུའི་རིང་༧སྐུའི་རྟེན་གཞི་མཛད་ཡོད་པ་དང་།  ༧གོང་ས་མཆོག་དང་གནས་ཆུང་གཉིས་མི་དང་མི་ཐུག་པ་ལྟ་བུའི་འབྲེལ་བ་གནང་བར་སྐུ་རྟེན་འདི་ཉིད་གལ་ཆེན་པོ་ཆགས་ཀྱི་ཡོད་སྟབས།  ང་ཚོ་སེར་སྐྱ་མི་མང་ཡོངས་ནས་མི་རྗེ་ཐུབ་བསྟན་དངོས་གྲུབ་མཆོག་གི་སྐུ་ཚེ་ཡུན་རིང་བརྟན་པའི་གསོལ་འདེབས་ཞུ།  ཞེས་གསུངས་སོང་།

སྐུ་རྟེན་ཐུབ་བསྟན་དངོས་གྲུབ་མཆོག་གིས། དཔལ་ལྡན་འབྲས་སྤུངས་བདེ་ཡངས་གྲྭ་ཚང་དང་གནས་ཆུང་གྲྭ་ཚང་གཉིས་བར་ལོ་ངོ་བརྒྱ་ཕྲག་གོང་ནས་ཐུན་མོང་མ་ཡིན་པའི་འབྲེལ་བ་གཏིང་ཟབ་བྱུང་ཡོད་ལ། དེ་ཡང་གནས་ཆུང་དགོན་པ་ཆགས་པ་དང་གྲྭ་ཚང་ལ་དགེ་འདུན་གྱི་སྡེ་ཐོག་མ་འབྲས་སྤུངས་བདེ་ཡངས་གྲྭ་ཚང་ནས་ཕེབས་ཡོད་པ་ལོ་རྒྱུས་ནང་ཁ་གསལ་བཀོད་ཡོད།  གནས་ཆུང་གྲྭ་ཚང་དུས་རབས་ ༡༤ ནང་ཐོག་མར་མགོ་བཙུགས་པ་ནས་ད་ལྟའི་བར་དུ་ང་ཚོའི་བར་འབྲེལ་བ་ཆགས་བསྡད་ཡོད་ཀྱང་།  ང་ཚོ་བཙན་བྱོལ་དུ་ཡོང་དུས་བདེ་ཡངས་གྲྭ་ཚང་གི་དགེ་འདུན་པ་ཕེབས་ཐུབ་མེད་སྟབས། འབྲས་སྤུངས་ལ་གྲྭ་ཚང་བཞི་ཡོད་པའི་ནང་ནས་བདེ་ཡངས་གྲྭ་ཚང་ཡར་བཞེངས་མ་ཐུབ་པར་ལྷག་ཡོད་ཀྱང་།  ཕྱི་ལོ་ ༢༠༠༢ ལོར་༧གོང་ས་མཆོག་གིས་དབུས་གནས་ཆུང་གྲྭ་ཚང་གི་བླ་སྤྱི་དམ་པ་རྣམ་གྱིས། ང་ལ་གལ་སྲིད་ཁྱེད་རང་གིས་བདེ་ཡངས་གྲྭ་ཚང་ཞིག་བཟོ་ཐུབ་པ་ཡིན་ན་གནས་ཆུང་གྲྭ་ཚང་ཞིག་བཞེངས་པ་དང་ཁྱད་པར་རྩ་བ་ནས་མེད་ཅེས་གསུངས་མྱོང་བ་དང་།  དེ་སྔོན་གནས་ཆུང་གི་དགེ་འདུན་པ་ཚོ་བདེ་ཡངས་གྲྭ་ཚང་དུ་ཕེབས་སྐབས། གྲྭ་ཚང་རྙིང་པ་ལ་འགྲོ་ཞེས་ཁ་རྒྱུན་དུ་བཤད་སྲོལ་ཡོད་པའི་ལོ་རྒྱུས་གཏིང་ཟབ་ཡོད། ༧ གོང་ས་མཆོག་གིས་ཆོས་སྐྱབས་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་གནང་སྐབས།  རྒྱ་གར་ནང་བདེ་ཡངས་གྲྭ་ཚང་མེད་སྟབས། ཆོས་སྐྱབས་རིན་པོ་ཆེ་ལོ་འགའི་རིང་འབྲས་སྤུངས་ཚ་བ་ཁང་ཚན་དུ་བཞུགས་བསྡད་པ་རེད། དེ་ནས་ང་ལ་རྟེན་འབྲེལ་ཆོས་ཉིད་ཞིག་གི་དབང་གིས་འབྲས་སྤུངས་བདེ་ཡངས་གྲྭ་ཚང་བཞེངས་པའི་རྟགས་དང་མཚན་མ་མང་པོ་ཞིག་རྨི་ལམ་དུ་འཁོར་ཏེ། ང་རང་གིས་འབད་བརྩོན་ཞེ་དྲགས་བྱེད་མ་དགོས་པའི་ཐོག གནས་ཆུང་གྲྭ་ཚང་གི་ངོས་ནས་བདེ་ཡངས་གྲྭ་ཚང་བཞེངས་ཐུབ་པ་བྱུང་བ་རེད།  བདེ་ཡངས་གྲྭ་ཚང་བཞེངས་ཐུབ་དགོས་པ་དེའང་བཀའ་དྲིན་རྗེས་དྲན་ལྟ་བུ་ཆགས་ཡོད། དེ་ཡང་དུས་རབས་ ༡༤ པའི་ནང་ལྕོག་པ་བྱང་ཆུབ་དཔལ་ལྡན་གྱིས་གནས་ཆུང་གྲྭ་ཚང་ཕྱག་བཏབས་ཡོད་པ་དང་། དུས་རབས་ ༢༡ པའི་ནང་གནས་ཆུང་གྲྭ་ཚང་གིས་བདེ་ཡངས་གྲྭ་ཚང་སླར་གསོ་བྱེད་ཐུབ་པའི་རྟགས་དང་རྟེན་འབྲེལ་བྱུང་བ་རེད།  འབྲས་སྤུངས་བདེ་ཡངས་གྲྭ་ཚང་དེ་མདོ་བསྔགས་ཟུང་འབྲེལ་གྱི་གྲྭ་ཚང་ཞིག་ཡིན་སྟབས།  ངས་འགན་འཁུར་བའི་ཐོག་ནས་གྲྭ་ཚང་གི་དགེ་འདུན་པ་ཚང་མའི་ཐུགས་འཁུར་འོག  ཕྱི་ལོ་ ༢༠༠༧ ལོར་༧ གོང་ས་མཆོག་གིས་བདེ་ཡངས་གྲྭ་ཚང་དབུ་འབྱེད་གནང་ཡོད། ཅེས་གསུངས་སོང་།

གསར་འགོད་པ།  སྐལ་བཟང་སྤྱིན་པ།

བསྐྱར་བཅོས།: ༢༠༡༧/༡༠/༡༤

Leave a Reply

8 thoughts on “གནས་ཆུང་སྐུ་རྟེན་མཆོག་ལ་བརྟན་བཞུཊ་ཕུལ།

    1. འབྲོང་བུ་སོག་ཚ།

      ང་གཞན་ཅི་མེད། གནས་ཆུང་གིས་སྐྱ་རིང་ཤར་ཟིན་ཡིན། ད་མགྱོགས་པོ་ནམ་ལང་གི་རེད་ཟེར་ནས་ལོ་ངོ་བཅུ་ཕྲག་རེ་ཤས་ཕྱིན་སོང་བ་དེ་སྒུག་ནས་ཡོད།

  1. ཚེ་སྐྱིད་ལྷ་མོ།

    བྱས་པ་ཅན་རྣམས་དམོད་པའི་ཡུལ་དུ་གྱུར་ཞིང་ཧམ་ཆེན་སྐབས་འཚོལ་བ་རྣམས་ཁྱི་སྤྱང་བཞིན་དུ་སྤྱི་ཚོགས་ཀྱི་ཕྱོགས་ཀུན་ན་ངུ་ཟིག་བྱེད་བཞིན་འདུར་བའི་སྐབས་འདིར། སྡིག་པའི་ཆུ་བུར་མིག་གིས་མ་མཐོང་བའི་ཆོས་རྒྱལ་རིན་པོ་ཆེ་མཆོག་རང་རེ་རྣམས་དང་སྐད་ཅིག་ཙམ་ལའང་མི་འབྲལ་བར་ཤོག་ཅེས་གསོལ་འདེབས་སྙིང་ནས་ཞུ།

  2. འབྲོང་བུ་སོག་ཚ།

    ཆོ་མེད་རང་རེད། འདྲེ་ལ་བརྟན་བཞུགས་བྱས་ནས། དེ་འདྲ་བརྟན་བཞུགས་བྱེད་དགོས་ན་ཐོག་མར་གུ་རུས་དམ་བཞག་བརྟན་མ་བཅུ་གཉིས་རེ་རེ་བཞིན་བརྟན་བཞུགས་འདེབས་འབུལ་ཞུ་དགོས།

    1. ཁྱོད་མི་ཤེས་མཁན་འདྲེ་ལ་བརྟན་བཞུགས་འབུལ་བར་སྣང་བ་འཁྲུལ་པའི་ཀློང་ནས་ད་ལྟའང་འདོན་ཐུབ་མི་འདུག བརྟན་བཞུགས་དེ་མིའི་རྣམ་ཅན་ཞིག་ལ་འབུལ་བ་ལས་འདྲེ་ལ་འབུལ་མཁན་ནི་ཁྱོད་དང་ཁྱོད་ལྟ་བུའི་རྗེས་འབྲང་སྲིན་བྱ་དང་ཐན་བྱ་སོགས་ཀྱིས་མ་གཏོགས་གཞན་སུས་འབུལ་མཁན་ཡོད་དམ་ཅི། མ་ཤེས་རྟོགས་ཁུལ་དུ་རྫུས་ནས་ངན་ལང་ཤོར། ཟེར་བའི་དཔེ་ལྟར་འདབ་དཀྲུགས་ཕུ་དཀྲུགས་ཙམ་ལས་དོན་དངོས་ཆོས་ཀྱི་གནས་ལུགས་མ་ཤེས་པའི་རང་རྟགས་འཇའ་རིས་ལྟར་སྟོན་ཐལ།