སྲིད་ཁྲིམས་བློན་ཆེན་ཞིག་དམར་ཤོག་ཚོཊ་ཁོངས་ནས་ཕྱིར་འཕུད་བཏང་།

རྒྱ་ནག་དབུས་སྲིད་ཁྲིམས་ལྷན་ཁང་གི་ལོ་རྒྱུས་ནང་གི་བུད་མེད་བློན་ཆེན་གཉིས་པ་ཝུ་ཨེ་ཡེན་གྱིས་སྒྲིག་ཁྲིམས་ལ་གཏོར་བརླག་ཚབས་ཆེན་བྱས་པའི་ནག་ཉེས་འོག་དམར་ཤོག་ཚོགས་ཁཽངས་ནས་ཕྱིར་འཕུད་བཏང་ཡོད་འདུག

ཁ་སང་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཚེས་ ༡༤ ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་ལས་ལྷན་ཚོགས་ (Central Committee) ཀྱི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་མཇུག་ཏུ། དབུས་སྲིད་ཁྲིམས་ལྷན་ཁང་ (Ministry of Justice) གི་བློན་ཆེན་ཟུར་བ་ཝུ་ཨེ་ཡེན་ (Wu Aiying) གྱིས། ཏང་གི་སྒྲིག་ཁྲིམས་ལ་གཏོར་བརླག་ཚབས་ཆེན་བཏང་བ་དང་ལྐོག་རྔན་སྤྲོད་ལེན་བྱས་པའི་ནག་ཉེས་འོག དངོས་སུ་དམར་ཤོག་ཚོགས་ཁོངས་ནས་ཕྱིར་འཕུད་བཏང་ཡོད་པ་དང་། ཝུ་ཨེ་ཡེན་ནི་ཕྱི་ལོ་ ༡༩༤༩ ལོའི་རྗེས་ཀྱི་ལྐོག་ཟ་རུལ་སུངས་དང་སྒྲིག་བཤིག་གི་ནག་ཉེས་ཚབས་ཆེ་ཤོས་ཀྱི་བུད་མེད་ཨང་གཉིས་པ་དེ་ཆགས་ཡོད་འདུག

ཕྱི་ལོ་ ༢༠༡༥ ལོར་ཝུ་ཨེ་ཡེན་གྱིས་ལྐོག་རྔན་སྤྲོད་ལེན་ལ་བརྟེན་ནས་ལུའུ་ཨན་ཀང་ (Lu Enguang) ཟེར་བ་ཞིག་སྲིད་ཁྲིམས་ལྷན་ཁང་ནང་ལྐོག་འཐེན་བྱས་ཡོད་པའི་ནག་ཉེས་འོག ན་ནིང་ཕྱི་ཟླ་ ༡༠ ནང་རྒྱ་རིགས་ཁྲིམས་རྩོད་པ་དང་ལས་འགུལ་བ་ ༤༤༠ ལྷག་གིས་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་ལ་སྙན་ཞུ་བྲིས་ཏེ། ཝུ་ཨེ་ཡེན་གྱིས་ལྐོག་རྔན་བླངས་ནས་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་ཁྲིམས་ལ་རྡོག་རོལ་ཚབས་ཆེན་བཏང་ཡོད་སྐོར་གྱི་ནག་ཉེས་ཐེར་འདོན་བྱས་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༢ ནང་སྒྲིག་བཤིག་དང་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་མོ་བཀག་བསྐྱིལ་བྱས་ཏེ། ཕྱི་ཟླ་ ༥ ནང་ཞིབ་བཤེར་བྱེད་མགོ་བཙུགས་ཡོད་འདུག

རྒྱ་རིགས་སྲིད་དོན་དབྱེ་ཞིབ་པ་ཧུའུ་ཞིན་ཏུའུ་ (Hu Xingdou) ཟེར་བ་ཞིག་གིས། ཝུ་ཨེ་ཡེན་ནི་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་ཁྲིམས་ལ་གོ་རྟོགས་མེད་པའི་དཔོན་ངན་ཞིག་ཡིན་པ་དང་། ལོ་གཉིས་ཀྱི་སྔོན་ལ་མོས་ཁྲིམས་རྩོད་པ་དང་ལས་འགུལ་བ་མི་མང་ལ་དྲག་གནོན་ཤུགས་ཆེན་བྱས་ཡོད་སྟབས། དབུས་གཞུང་གིས་མོར་ཉེས་ཆད་ནན་མོ་གཅོད་འོས་ཚུལ་དང་། ཝུ་ཨེ་ཡེན་ད་དུང་ཀྲུའུ་ཡོང་ཁཱང་ (Zhou Yongkang) ལའང་འབྲེལ་བ་དམ་ཟབ་ཡོད་ལུགས་སོགས་བཤད་འདུག

ཝུ་ཨེ་ཡེན་ནི་ད་ལྟ་རང་ལོ་ ༦༥ ཡིན་པ་དང་། རྒྱ་ནག་གི་སྲིད་བློན་ཝིན་ཅཱ་པོ་ (Wen Jiabao) དང་ལེ་ཁི་ཆཱང་ (Li Keqiang) གཉིས་ཀྱི་འོག འདས་པའི་ལོ་ངོ་ ༡༢ རིང་དབུས་སྲིད་ཁྲིམས་ལྷན་ཁང་དུ་ལས་ཀ་བྱས་ཡོད་པར་མ་ཟད། དེ་ཡང་ཕྱི་ལོ་ ༢༠༠༣ ལོར་མོ་སྲིད་ཁྲིམས་ལྷན་ཁང་གི་བློན་ཆེན་གཞོན་པ་དང་། ཕྱི་ལོ་ ༢༠༠༥ ལོར་སྲིད་ཁྲིམས་ལྷན་ཁང་གི་བློན་ཆེན་དུ་བསྐོ་བཞག་བྱས་ཡོད་པ་རེད། རྒྱ་ནག་གི་ལོ་རྒྱུས་ནང་ཧྲི་ཉིང་ (Shi Liang) གི་རྗེས་ཀྱི་སྲིད་ཁྲིམས་བློན་ཆེན་བུད་མེད་ཨང་གཉིས་པ་དེ་ཆགས་ཡོད་འདུག

ཕྱི་ལོ་ ༢༠༡༢ ལོ་ནས་ད་ལྟའི་བར་ཞི་ཅིན་ཕིན་གྱི་སྲིད་དབང་འོག རྒྱ་ནག་དམར་ཤོག་ནང་ཁུལ་གྱི་ལྐོག་ཟ་རུལ་སུངས་ཞིབ་བཤེར་ལས་འགུལ་ཟེར་བ་མུ་མཐུད་ལག་བསྟར་བྱས་ཏེ། རྒྱ་ནག་དམར་ཤོག་དབུས་རྒྱུན་ལས་ལྷན་ཚོགས་གཅིག་པུའི་ནང་གནད་ཡོད་དཔོན་རིགས་ ༡༨ དང་འབྲེལ་ཡོད་ཚོགས་མི་ ༡༧ ལྷག་ལ་ཞིབ་བཤེར་བྱས་པ་བརྒྱུད་ཚོགས་ཁོངས་ནས་ཕྱིར་འཕུད་དང་བཀག་བསྐྱིལ་བྱས་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༡༠/༡༦

Leave a Reply

One thought on “སྲིད་ཁྲིམས་བློན་ཆེན་ཞིག་དམར་ཤོག་ཚོཊ་ཁོངས་ནས་ཕྱིར་འཕུད་བཏང་།

  1. རྒྱུད་གྲྭ་བློ་བཟང་དབང་འདུས།

    ཡ། ཇག་པ་ནས་་་ རྐུ་མ་ཤོར་བ་འདྲ། ཨ་ཡ་མཚན། ཇག་པ་ནང་འཁུལ་ལ་ཞིབ་བཤེར། ཨ་ དེ་འདྲ་དགོད་བྲོ་བའི་དམར་གཞུང་། ཨེ་རེ།