གཞུང་གི་ཆོག་མཆན་མེད་པར་ཚོཊ་ཆེན་གྱི་གནས་ཚུལ་ཕྱིར་བསྒྲཊ་མི་ཆོག

རྒྱ་ནག་གཞུང་གིས་ཚོགས་ཆེན་གྱི་བདེ་འཇགས་སྲུང་སྐྱོབ་ཆེད་ཧོང་ཀོང་གི་རང་དབང་གསར་ཁང་ཁག་ལ་བཀག་སྡོམ་དང་ལྕམ་ལུའུ་ཞཱ་ལགས་པེ་ཅིན་ནས་ཕྱིར་འཕུད་བཏང་འདུག

སང་ཉིན་ནས་རྒྱ་ནག་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ ༡༩ པ་པེ་ཅིན་མི་མང་ཚོགས་ཁང་ཆེན་མོའི་ནང་འཚོགས་རྒྱུ་ཡིན་པ་ལྟར། དེ་རིང་ཁ་སང་རྒྱ་ནག་རྒྱལ་ཡོངས་ཀྱི་ཕྱོགས་མཐའ་ཁག་ནས་འཐུས་མི་མང་པོ་པེ་ཅིན་དུ་འཛོམས་ཀྱི་ཡོད་པ་དང་། དེ་རིང་ཧོང་ཀོང་རང་དབང་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་ཧོང་ཀོང་གྲོང་ཁྱེར་གྱི་བརྒྱུད་ལམ་ཆེ་ཤོས་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་ (SCMP) དང་མེན་པོ་ (MP)། ཏར་སྐུད་བརྙན་འཕྲིན་ (CT)། ཀུ་ཤུ་རྟགས་ཅན་གྱི་ཉིན་རེའི་གསར་འགྱུར་ (AD) སོགས་རང་དབང་གསར་ཁང་ཁག་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐོག་བཅར་མི་ཆོག་པ་བཟོས་ཡོད་འདུག

རྒྱ་ནག་གཞུང་གིས་འཕྲིན་ཕྲན་ (Weibo) དང་སྐད་འཕྲིན་ (Wechat) སོགས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ། ཏང་གི་ཚོགས་ཆེན་ ༡༩ པ་འཚོགས་གྲབས་ཡོད་པས།  ཁྱེད་ཀྱིས་གྲོས་ཚོགས་ཀྱི་གྲོས་རིམ་གང་ལ་དོ་འཁུར་བྱེད་དམ། ཁྱེད་ཀྱིས་ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ཀྱིས་བྱ་ཐབས་གང་ཞིག་བརྒྱུད་ནས་ཚོགས་ཆེན་གྱི་གནས་ཚུལ་སྤེལ་བའི་རེ་བ་གནང་གི་ཡོད།  ཁྱེད་ཀྱིས་ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ཀྱི་ལེ་ཚན་དང་མཉམ་ལས་བྱ་བའི་རེ་བ་གནང་གི་ཡོད་དམ།  ཁྱེད་རང་གིས་དུས་ཚོད་སྐར་མ་གཅིག་བེད་སྤྱད་དེ་དྲི་བ་ཆུང་ཆུང་ཁ་ཤས་ལ་ལན་འདེབས་རོགས།  ཁྱེད་རང་གི་དྲི་ལན་དེ་ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བའི་གལ་ཆེའི་གཞི་འཛིན་སར་འགྱུར་རྒྱུ་ཡིན། ཞེས་སོགས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ། རྒྱ་ནག་མི་མང་དང་གྲངས་ཉུང་མི་རིགས་ཚང་མར་སྨྲ་བརྗོད་རང་དབང་དང་གསར་འགོད་རང་དབང་ཡོད་པར་མ་ཟད། རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱི་གནས་ཚུལ་དེ་ཕྱི་གསལ་ནང་གསལ་ཡིན་ལུགས་ཤུགས་ཆེན་སྒྲོག་གིན་ཡོད་ཀྱང་། རྒྱལ་སྤྱིའི་གསར་འགོད་མཐུན་ཚོགས་ (IFJ) ཀྱིས། རྒྱ་ནག་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐོག་གསར་འགོད་པར་ཞིབ་བཤེར་གོ་རིམ་དང་ཚོགས་ཆེན་གྱི་ལས་རིམ་ཡོངས་གྲགས་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། རྒྱ་ནག་གཞུང་གིས་ཧོང་ཀོང་གི་རང་དབང་བརྒྱུད་ལམ་ཁག་གི་གསར་འགོད་པར་ལག་འཁྱེར་སྤྲད་མེད་པ་དེ་དང་ལེན་བྱེད་ཐབས་མེད་པ་ཞིག་རེད། ཅེས་བརྗོད་ཡོད་པ་རེད།

རྒྱ་ནག་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག་གཞུང་འབྲེལ་མིན་པའི་བརྒྱུད་ལམ་ཁག་ལ་སྒྲིག་ལམ་གསར་པ་གཉིས་གཏན་འབེབས་བྱས་ཡོད་པའི་ནང་། དང་པོ། རང་དབང་གསར་འགོད་པ་ཚོས་ཚོགས་ཆེན་གྱི་གནས་ཚུལ་བསྒྲག་པར་ཚོད་འཛིན་ཡོད། གཞུང་གི་སྟངས་འཛིན་འོག་ནས་མ་གཏོགས་གཞུང་འབྲེལ་མིན་པའི་བརྒྱུད་ལམ་ཁག་གིས་ཚོགས་ཆེན་གྱི་གནས་ཚུལ་ཡོངས་བསྒྲགས་བྱེད་མི་ཆོག ཚོགས་བཅར་གསར་འགོད་པ་ཚོས་ཚོགས་ཆེན་སྔོན་ལ་ཐོ་འགོད་མ་བྱས་ཚེ། ཚོགས་ཆེན་ཐོག་བཅར་མི་ཆོག གཉིས་པ། གཞུང་གི་ཆོག་མཆན་མེད་པར་གཞུང་འབྲེལ་མིན་པའི་གསར་འགོད་པ་ཚོས་ཚོགས་ཆེན་གྱི་གནས་ཚུལ་སྐོར་རྒྱུས་ལོན་དང་བཅར་འདྲི་བྱེད་མི་ཆོག ཅེས་འཁོད་འདུག

ཧོང་ཀོང་རང་དབང་གསར་ཁང་གིས་སྤེལ་བའི་གནས་ཚུལ་གཞན་ཞིག་གི་ནང་། ཧོང་ཀོང་གྲོང་ཁྱེར་གྱི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་རང་དབང་ཞིབ་འཇུག་ལྟེ་གནས་ཁང་ (NGO ICHRD) གིས།  རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་འདས་པོ་ལུའུ་ཞོ་པོ་ (Liu Xiaobo) ཡི་བཟའ་ཟླ་ལྕམ་ལུའུ་ཞཱ་ (Liu Xia) ཡི་སྐུ་གཟུགས་བདེ་ཐང་ཡིན་ནའང་། རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱི་བདེ་འཇགས་ལ་དམིགས་ཏེ། ཁ་སང་ཚེས་ ༡༦ ཉིན་རྒྱ་ནག་གཞུང་གིས་ལྕམ་ལུའུ་ཞཱ་ལགས་ས་གནས་གཞན་དུ་ལྗོངས་རྒྱུར་འགྲོ་དགོས་པར་ཁ་གཡར་ཏེ་པེ་ཅིན་ནས་བཙན་གྱིས་ཕྱིར་འཕུད་བཏང་པར་མ་ཟད། རང་དབང་ཚོགས་སྡེ་ཁག་དང་གསར་འགོད་པ་ཚོ་ལྕམ་ལུའུ་ཞཱ་ལགས་སུ་ཐུག་འཕྲད་དང་གནས་ཚུལ་རྒྱུས་ལོན་བྱེད་མི་ཆོག་པ་བཟོས་ཡོད་སྟབས། མོའི་འབྱུང་འགྱུར་གྱི་གནས་སྟངས་ལ་ཧ་ཅང་སེམས་ཁྲལ་ཆེ་སྐོར་བརྗོད་འདུག

གཞན། བྷི་བྷི་སི་གསར་ཁང་གི་དཔྱད་རྩོམ་ཞིག་གི་ནང་། རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དམིགས་འབེན་གཙོ་བོ་གཉིས་ནི། གཅིག ཞི་ཅིན་ཕིན་གྱིས་བཏོན་པའི་མ་འོངས་ལོ་ངོ་ ༥ རིང་གི་སྲིད་གྲོས་འཆར་ཟིན་ལ་གྲོས་འཆམ་ཡོང་རྒྱུ་དང་། གཉིས། རྒྱ་ནག་དབུས་ཆབ་སྲིད་རྒྱུན་ལས་ལྷན་ཚོགས་ (PSC) ལ་འཕོ་འགྱུར་གཏང་རྒྱུ་བཅས་ཡིན་པ་དང་། རྒྱ་ནག་གི་དཔོན་པོ་ཚོའི་རྒན་ཡོལ་ལོ་ཚད་ ༦༨ ཡིན་པ་དང་། སྲིད་འཛིན་ཞི་ཅིན་ཕིན་དང་སྲིད་བློན་ལེ་ཁི་ཆཱང་གཉིས་ད་ལྟ་རང་ལོ་ ༦༠ ནང་ཡོད་སྟབས། ཁོ་གཉིས་ཀྱི་གོ་དབང་རང་འཇགས་ཡིན་ནའང་། ལྐོག་ཟ་རུལ་སུངས་ཞིབ་བཤེར་ཁང་གི་འགན་འཛིན་ཝང་ཆི་ཧྲན་གྱི་ལོ་ཚད་ལ་གནད་དོན་འབྱུང་སྲིད་སྐོར་བརྗོད་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༡༠/༡༧

Leave a Reply

One thought on “གཞུང་གི་ཆོག་མཆན་མེད་པར་ཚོཊ་ཆེན་གྱི་གནས་ཚུལ་ཕྱིར་བསྒྲཊ་མི་ཆོག

  1. རྒྱུད་གྲྭ་བློ་བཟང་དབང་འདུས།

    འ་ཛི། ཏང་གི་སྲིད་གཞུང་དེ་་་ ལྐོག་ཟ རུལ་སྲུངས་དང་ཆབ་གཅིག བཙན་དབང་རིང་ལུགས། གཏོར་ཤིག་རིང་ལུགས། ཕྲོག་བཅོམ་རིང་ལུགས། དམར་གསོད་རིང་ལུགས། གཡོ་རྒྱུ་རིང་ལུགས། འདི་གའི་དེ་མཚམས་བཞག་ན་་་ རྒྱ་ནག་འཛམ་གླིང་ནང་་་མིང་དོན་མཚུང་པ་འམ་ཡང་དག་པ་རྒྱལ་ཁབ་ཞིག་ཆཀས་པ་ཐེ་ཚོམ་མེད། 👍 ✌️