ཞི་ཅིན་ཕིན་གྱི་འདས་པའི་ལོ་ལྔ།

དེ་རིང་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་༡༩ པ་མགོ་བཙུགས་པ་དང་བསྟུན། ཞི་ཅིན་ཕིན་གྱི་ལས་ཡུན་དང་པོའི་འདས་པའི་ལོ་ལྔ་རིང་ཕྱོགས་ཡོངས་ནས་ལས་དོན་ག་རེ་བྱས་ཡོད་པར་ཕྱིར་རྩིས་ཤིག་བརྒྱབ་ན།ཆབ་སྲིད་།
༡ ཕྱི་ལོ་༢༠༡༢ ལོར་ཞི་ཅིན་ཕིན་ལ་རྒྱ་ནག་གི་དབང་ཆ་ཐོབ་པ་ནས། ཞི་ཡིས་ཕྱོགས་ཡོངས་ནས་རྒྱ་ནག་ནང་ལོག་གི་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་དང་། སྟག་དང་སྦྲང་མར་འཐབ་རྩོད་བྱས་ཏེ། རྒྱ་ནག་དམར་ཕྱོགས་གཞུང་གི་ལས་མི་ཆེ་ཆུང་ས་ཡ་གཅིག་ལྷག་ལ་ཞིབ་བཤེར་བྱས་ཡོད་པ་དང་། དེའི་ནང་དུ་རྒྱ་ནག་དམར་ཤོག་གཞུང་གི་ཆེས་མཐོའི་དཔོན་རིགས་དང་དམག་གཞུང་གི་དཔོན་རིགས་སོགས་ཚུད་ཡོད་པ་རེད།

༢ ཞི་ཅིན་ཕིན་གྱི་དུས་ཡུན་ལོ་ལྔའི་རིང་རྒྱ་ནག་དམར་ཤོག་གཞུང་གིས་མི་མང་ལ་དམ་དྲག་བྱེད་ཤུགས་ཆེ་རུ་སོང་ཡོད་པ་དང་། ཁོས་རྒྱ་ནག་རྒྱལ་ཁབ་སྐྱོང་བར་དམར་ཤོག་གཞུང་སྲ་བརྟན་དགོས་པར་སྐུལ་ནས། དམར་ཤོག་གཞུང་གི་ས་གནས་ཡན་ལག་ཉམ་ཞན་དུ་སོང་བ་གྲངས་༧༧༠༠༠ ལྷག་བསྐྱར་གསོ་བྱས་ཡོད་པ་དང་། ཁོས་ད་དུང་དབུས་གཞུང་དང་རྒྱལ་ཡོངས་གསར་ཁང་ཁག་ལ་དམར་ཤོག་གཞུང་གི་བཀའ་རྩི་དགོས་པའི་བཙན་སྐུལ་བྱས་ཡོད་པ་རེད།

༣ ཞི་ཅིན་ཕིན་དང་ཁོའི་འཛིན་སྐྱོང་གིས་རྒྱ་ནག་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་ཆོས་ལུགས་ཉམས་ལེན་པ། དྲ་རྒྱའི་ཁོར་ཡུག་ལ་སྔར་ལས་དམ་དྲག་ཆེ་རུ་བཏང་སྟེ། རྒྱ་ནག་གི་ཁྲིམས་རྩོད་པ་དང་ལས་འགུལ་བ་བརྒྱ་ཕྲག་སྐོར་ཞིག་འཛིན་བཟུང་བཙོན་བཅུག་དང་འདྲི་རྩད་ཞིབ་བཤེར་བྱས་ཡོད་པ་རེད།

སྤྱི་ཚོགས།
༡ ཞི་ཡིས་རྒྱ་ནག་གི་ཁོར་ཡུག་སྲུང་སྐྱོབ་གལ་གནད་དུ་འཛིན་དགོས་པའི་སྲིད་ཇུས་འོག འཆར་ཅན་གྱི་ལས་གཉེར་ཁང་དང་བཟོ་ལས་ཁང་མང་པོ་ཞིག་གིས་མཁའ་དབུགས་འབག་བཙོག་བཟོ་བཞིན་པར་བརྗོད་དེ་སྒོ་བརྒྱབས་བཅུག་པ་དང་ཉེས་ཆད་སོགས་གཅོད་བཅུག་ཡོད་ན་ཡང་། ཁོར་ཡུག་འབག་བཙོག་གི་གནད་དོན་ཉེན་ཚབས་ཆེ་རུ་འགྲོ་བཞིན་ཡོད་དང་། དམིགས་བསལ་གྱིས་རྒྱ་ནག་གི་བཟོ་གྲྭ་ཤུགས་ཆེ་བའི་གྲོང་ཁྱེར་ཁག་དུ་སྔར་ལས་ལྡབ་འགྱུར་གྱིས་མཁའ་དབུགས་བཙོག་འགྱུར་འཕར་བཞིན་ཡོད་པ་རེད།

༢ རྒྱ་ནག་གཞུང་གིས་ཞི་ཡི་ལས་ཡུན་དང་པོའི་ནང་དབུལ་སྐྱོབ་གནད་དོན་ཆེད་ནམ་རྒྱུན་ལས་ལྡབ་གཉིས་ཀྱིས་ཤུགས་སྣོན་བརྒྱབས་ཏེ། ཕྱི་ལོ་༢༠༡༣ ནས་ ༢༠༡༦ བར་རྒྱ་ནག་རྒྱལ་ཡོངས་སུ་མི་མང་ས་ཡ་ ༥༥ དབུལ་ཕོངས་ཀྱི་གནས་ལས་གྲོལ་ཐུབ་པ་བྱུང་སྐོར་བསྒྲགས་ཡོད་ཀྱང་། རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་ཚད་དང་མི་མང་གི་འཚོ་བའི་བར་ཧེ་བག་ཆེན་པོ་ཤོར་ཡོད་པ་རེད།

༣ ཞི་ཅིན་ཕིན་གྱི་དུས་ཡུན་རིང་རྒྱ་ནག་གིས་ལོ་བཅུ་ཕྲག་གཅིག་ལྷག་གི་སྔོན་ནས་གཏན་འབེབ་ཀྱིས་བྱིས་པ་གཅིག་ལས་སྐྱེས་མི་ཆོག་པའི་འཆར་ལྡན་བུ་སྐྱེས་སྲིད་ཇུས་མཇུག་བསྡུས་ཡོད་པ་རེད། ཡིན་ན་ཡང་། རྒྱ་ནག་གི་མི་འབོར་འཕེལ་ཚད་དང་ངལ་རྩོལ་སྒྱུར་བཀོད་ཀྱི་ཚད་གཞི་དོ་མི་སྙོམ་པ་དེས། དུས་ཡུན་རིང་བོའི་དཔལ་འབྱོར་སྲ་བརྟན་ལ་ཉེན་ཁ་སླེབས་ཀྱི་ཡོད་པ་རེད།

དཔལ་འབྱོར།
༡ ཞི་ཅིན་ཕིན་གྱི་སྲིད་དབང་རིང་རྒྱ་ནག་གི་ལོ་རེའི་དཔལ་འབྱོར་འཕེལ་ཚད་ཀྱི་སྤྱིའི་ཚད་གཞི་བརྒྱ་ཆ་༦.༥ ཡིན་ན་ཡང་། དཔལ་འབྱོར་གྱི་ཡོངས་འབབ་ཆེ་ཤོས་སྲིད་གཞུང་གི་མ་འཛུགས་ཁེ་ལས་དག་ལ་བརྟེན་དགོས་ཆགས་ཡོད་པ་རེད།

༢ ཞི་ཅིན་ཕིན་གྱིས་ཁྲོམ་རའི་དཔལ་འབྱོར་རྒྱ་སྐྱེད་ཚད་གཞི་ཅན་དུ་བཟོས་ཏེ། མི་སྒེར་གྱི་རྒྱུ་ནོར་སྲིད་གཞུང་ལ་བདག་པའི་ཁེ་ལས་ཀྱི་ངོ་བོར་བསྒྱུར་ཡོད་པས། བཟོ་གྲྭ་ཁང་མང་པོ་ཞིག་སྲིད་གཞུང་གི་རྒྱབ་སྐྱོར་ལ་བརྟེན་དགོས་པ་བཟོས་ཡོད་པ་རེད། ཡིན་ན་ཡང་། བཟོ་གྲྭའི་གྲངས་འབོར་སྔར་བཞིན་མང་རུ་འགྲོ་བཞིན་ཡོད་ཀྱང་སྲིད་གཞུང་གི་བུ་ལོན་ཚད་གཞི་མང་ནས་མང་རུ་འགྲོ་བཞིན་ཡོད་པ་རེད།

༣ ཕྱི་ལོ་༢༠༡༥ ལོར་རྒྱ་ནག་གི་ཁྲོམ་རའི་དངོས་ཟོག་ཚོང་སྒྱུར་ལ་ཨ་སྒོར་ཁྲག་ཁྲིག་ཆེན་པོ་༣ (US$3 trillion) ལྷག་གི་གྱོང་གུད་ཐེབས་ཡོད་པ་དང་། རྒྱ་ནག་གཞུང་གིས་རྗེས་ཕྱོགས་ཁྲོམ་རའི་དཔལ་འབྱོར་ཕམ་ཉེས་མི་ཡོང་བའི་ཆེད། དཔལ་འབྱོར་ཡར་རྒྱས་དང་སྲ་བརྟན་ལྷན་ཚོགས་ཞེས་པར་ཕྱོགས་ཡོངས་ནས་བསྐྱར་བཅོས་བྱས་ཡོད་པ་རེད།

༤ ཞི་ཅིན་ཕིན་གྱིས་དཔལ་འབྱོར་འཕེལ་ཚད་ལ་ལེགས་བཅོས་དང་གསར་གཏོད་ཆེད། རྒྱ་ནག་གིས་ཕྱོགས་ཡོངས་ནས་ཚན་རིག་རང་བཞིན་གྱི་དཔལ་འབྱོར་གནས་བབ་ལ་ཉམས་ཞིབ་བྱས་ཏེ། ད་ལྟ་རྒྱལ་སྤྱིའི་ཚོང་རའི་དངོས་ཟོག་ཚོང་སྒྱུར་གྱི་དབང་ཚད་མང་པོ་ཞིག་རྒྱ་ནག་ནས་ཡོང་གི་ཡོད་པ་དང་། དངོས་ཟོག་ཚོང་སྒྱུར་གྱི་དབང་ཚད་གཅིག་ལ་ཨ་སྒོར་ཐེར་འབུམ་གཅིག་ལྷག་ཡིན་འདུག ལོ་བཅུ་ཡི་སྔོན་ལ་དངོས་ཟོག་ཚོང་སྒྱུར་བཙོང་ཚད་ལོ་རེར་བརྒྱ་༡༠་ཡིན་ན་ཡང་ད་ལྟ་ལོ་རེར་བརྒྱ་ཆ་༥༠ ཡིན་པ་རེད།

ཕྱི་འབྲེལ་དང་རྒྱལ་སྲུང་།
༡ ཞི་ཅི་ཕིན་གྱི་སྲིད་དབང་འོག་རྒྱ་ནག་གིས་ས་ཁུལ་གཞན་ལ་ལག་པ་འཆང་རྒྱུ་མང་རུ་ཕྱིན་ཡོད་པ་དང་། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་དུ་མིས་བཟོས་གླིང་ཕྲན་འཛུགས་སྐྲུན་བྱས་པ་མ་ཟད། ཤར་རྒྱ་ནག་རྒྱ་མཚོའི་ནང་དུ་རྒྱུན་གཏན་ཉུལ་ཞིབ་མཁན་མཚོ་དམག་གྲུ་གཟེངས་བཏང་ཡོད་པ་རེད། དེ་བཞིན་རྒྱ་དཀར་ནག་གཉིས་ཀྱི་ལོ་བཅུ་ཕྲག་ཁ་ཤས་ནང་གི་ས་མཚམས་གནད་དོན་ཞི་ཅིན་ཕིན་གྱི་དུས་ཡུན་ནང་ཉེན་ཚབས་ཆེ་རུ་ཕྱིན་ཡོད་པ་རེད།

༢ ཞི་ཅིན་ཕིན་གྱི་དུས་ཡུན་ནང་རྒྱ་ནག་གིས་རྒྱལ་སྤྱིའི་གར་སྟེགས་མང་པོར་མངོན་གསལ་གྱིས་འཛམ་གླིང་བདེ་འཇགས་དང་སྲུང་སྐྱོབ་ལ་རྒྱ་ནག་གིས་འགན་འཁུར་གྱི་ཡོད་པའི་རྣམ་པ་བསྟན་ཡོད་པ་རེད་ལ། ཞི་ཡིས་རྒྱ་ནག་གི་ཤུགས་རྐྱེན་རྒྱ་སྐྱེད་ཐབས་སུ་རྒྱུད་གཅིག་ལམ་གཅིག་ཅེས་པའི་ཚོང་འབྲེལ་འཆར་གཞིའི་འོག་ཨེ་ཤ་ཡའི་རྒྱལ་ཁབ་ཁག་དང་ཡུ་རོབ། ཨ་ཧྥི་རི་ཁ་སོགས་སུ་ཨ་སྒོར་ཐེར་འབུམ་༦༠ ལྷག་གིས་དཔལ་འབྱོར་མ་འཛུགས་བཞག་ཡོད་པ་རེད།

༣ ཞི་ཅིན་ཕིན་གྱིས་རྒྱ་ནག་མི་མང་བཅིངས་གྲོལ་དམག་ལ་བསྐྱར་བཅོས་བྱས་ཏེ་དམག་མི་ཁྲི་ ༣༠ ཇེ་ཉུང་དུ་གཏང་རྒྱུའི་འཆར་གཞི་ཡོད་པ་གསལ་བསྒྲགས་བྱས་ཡོད་ཀྱང་། དེ་ནི་དོན་དངོས་སུ་ཞི་ཡིས་དམག་གི་གྲངས་འབོར་ཉུང་དུ་གཏོང་རྒྱུ་མ་ཡིན་པར་སྔར་ལས་ཚགས་ཚུད་དང་དམག་གི་སྒྲིག་འཛུགས་སྲ་བརྟན་དུ་གཏོང་ཐབས་ལ་དམིགས་ཏེ། རྒྱལ་སྲུང་དང་འཐབ་འཛིང་ལ་གྲ་སྒྲིག་ཅིག་ཆགས་ཡོད་པ་རེད།

གསར་འགོད་པ་སངས་རྒྱས་དཀོན་མཆོག་གིས་བསྒྱུར།

བསྐྱར་བཅོས།: ༢༠༡༧/༡༠/༡༨

Leave a Reply

2 thoughts on “ཞི་ཅིན་ཕིན་གྱི་འདས་པའི་ལོ་ལྔ།

  1. གཞུང་པ་ཚེ་དབང་བསོད་ནམས་ཡ

    རྒྱ་ནག་མི་མང་ནས་སྲིད་གཞུང་ལ་ཡིད་ཆེས་དང་བློ་གཏད་འགན་འཁུར་ཐུབ་པའི་ཆེད་ཁྲོམས་རའི་དཔལ་འབྱོར་ལ་སྲིད་གཞུང་ནས་འགན་འཁུར་འོག་མ་ཙ་ཟུར་འཇོག་གི་སྲིད་ཇུས་རྒྱུད་ནས་གཞུང་མང་གཉིས་ཕན་གྱིས་ཁྲོམས་རའི་དཔལ་འབྱོར་ཐབས་ལམ་གསར་པ་འདིའི་འོག་ནས་རྒྱ་ནག་གི་འགོ་འཁྲིད་ཚོའི་གོ་གནས་བསྲ་བརྟན་བཟོ་བཞིན་པ་འདི་ནི་སྤྱི་ཚོགས་འཚོ་བའི་མདུན་ལམ་ནས་རྒྱ་ནག་མི་མང་གི་བློ་འགུག་རྒྱུའི་དེང་རབས་ཆབ་སྲིད་རིག་པའི་གཡོ་རྒྱུའི་ཐབས་ལམ་བཟང་བཤོས་དེ་ཡིན་པའི་ངོས་འཛིན་བྱས་ན་མ་འགྲིག་པའི་ཉེས་པ་ཨ་ཡོད་ན་།

  2. གསར་འགྱུར་ཁ་ཚ་དགོས་གཏུགས་མ། དུས་བབ་ཚང་གི་རྒྱ་ནག་གི་ཚོགས་ཆེན་སྐོར་གྱི་གསར་འགྱུར་རེར་སྒུག་ནས་ཡོད།