ཆང་དང་སྨྱོ་རྫས་ངན་གོམས་ཀྱི་ཟབ་སྤྱོང་ཚོགས།

སྨྱོ་རྫས་ངན་གོམས་ནི་སེམས་པ་མ་སྐྱིད་པ་ལ་བརྟེན་ནས་འབྱུང་གི་ཡོད་པས་སྤྱི་ཚོགས་ཀྱིས་སྨྱོ་རྫས་སྤྱོད་མཁན་ཚོར་བྱམས་སྙིང་རྗེ་གཞིར་བཟུང་གིས་སློབ་གསོ་བརྒྱབ་པ་ཡིན་ན་འགྱུར་བ་འགྲོ་ཡི་ཡོད་སྐོར་བརྗོད་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ པའི་སྟེང་།  ཡོངས་གླིང་སློབ་གྲྭའི་ཚོགས་ཁང་ནང་དུ་ཀུན་ཕན་ལྟེ་གནས་ཁང་གི་གོ་སྒྲིག་འོག བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་སྐུ་ཚབ་དང་། ཟབ་སྦྱངོ་སྤྲོད་མཁན་ཨ་རིའི་སེམས་ཁམས་རིག་པའི་སློབ་སྟོན་པ་ལྕམ་ནོ་རཱ་སི་ཊ་ཧྥི་ནལ་ལགས། དེ་བཞིན། བོད་ཁྱིམ་སློབ་གྲྭ་ཁག་གི་མདུན་ལམ་སློབ་སྟོན་པ་དང་། སྨན་ཞབས་པ། བཙུན་མ་སོགས་མི་གྲངས་ ༢༠ ལྷག་ལ་ཆང་དང་སྨྱོ་རྫས་ངན་གོམས་སྔོན་འགོག་གི་ཟབ་སྤྱོང་ཞིག་ཚོགས་སོང་།

ཟབ་སྦྱོང་ཐོག་ཀུན་ཕན་ལྟེ་གནས་ཁང་གི་འགན་འཛིན་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། ད་ལྟའི་ཆར་ཀུན་ཕན་ལྟེ་གནས་ཁང་ལ་སྨྱོ་རྫས་ངན་གོམས་ཀྱི་མི་ ༡༥ ཡོད་པ་དང་། ཞལ་འདེབས་བསྡུ་སློང་བྱས་པ་བརྒྱུད་ཧིན་སྒོར་འབུམ་ ༧༩ བྱུང་ཡོད་པ་དང་། ཁོང་ཚོའི་ཆེད་དུ་སྣེ་ལེན་ཁང་གི་ཉེ་འཁྲིས་སུ་སྡོད་ཁང་གསར་པ་ཞིག་བརྒྱབས་ཡོད་པ་དང་། ཁང་པའི་ཕྱི་རུ་ལྕགས་ར་རྒྱག་བཞིན་པ་ཡིན་ལ། ལྕགས་ར་བཅས་ལེགས་འགྲུབ་བྱུང་རྗེས། ཀུན་ཕན་ལྟེ་གནས་ཁང་སྡོད་ཁང་གསར་པ་དེའི་ནང་གནས་སྤོར་བྱས་ཏེ། སྨྱོན་རྫས་ངན་གོམས་སུ་ཕྱིན་པའི་མི་གསར་བསྡུ་བྱ་རྒྱུ་ཡིན་འདུག

སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས། ཞལ་འདེབས་བསླངས་པ་དང་མི་ཁག་ཅིག་གི་རྒྱབ་སྐྱོར་ལ་བརྟེན་ནས་ཧིན་སྒོར་འབུམ་ ༧༩ བྱུང་ཡོད་པ་དང་། སྡོད་གནས་ཁང་གསར་པ་དེར་ལས་བྱེད་སོགས་ཕྱོགས་གང་ནས་བལྟས་ཀྱང་སྤྱི་ཚོགས་ཞབས་ཞུ་སྒྲུབ་པའི་ལྟེ་གནས་ཁང་གཞན་དང་བསྡུར་ཐབས་མེད་པ་ཞིག་ཆགས་ཐུབ་པ་གནང་རྒྱུ་ཡིན་སྐོར་དང་། ང་ཚོའི་སྤྱི་ཚོགས་ནང་སྨྱོ་རྫས་ངན་གོམས་དེ་སྤྱི་ཚོགས་ཀྱི་དཀའ་ངལ་ཞིག་དང་། ནད་རིགས་ཤིག་ཡིན་པ་མགོ་མ་འཚོས་པར་ལྷག་འདུག ང་ཚོའི་སྤྱི་ཚོགས་ནང་ཐ་མག་ཉལ་ཐ་འཐེན་མཁན་གྱི་དཀའ་ངལ་དེ་ཆེ་རུ་འགྲོ་ཡི་ཡོད་པ་མ་ཟད། སྨྱོན་རྫས་ངན་གོམས་ཀྱི་ལས་རིགས་ལ་རྒྱབ་སྐྱོར་མེད་པའི་དཀའ་ངལ་འཕྲད་བཞིན་ཡོད་སྐོར་བཅས་བརྗོད་སོང་།

དེའི་རྗེས་ཟབ་སྦྱོང་སྤྲོད་མཁན་ཨ་རི་ནས་ཡིན་པའི་ལྕམ་ནོ་རཱ་སི་ཊ་ཧྥི་ནལ་(Nora Staffanell)ལགས་ཀྱིས་སྨྱོ་རྫས་ངན་གོམས་བྱུང་སྟངས་སྐོར་ལ་མོས།  མི་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པ་ལྟར། གཞོན་སྐྱེས་མང་པོ་ཞིག་གིས་སྨྱོ་རྫས་སྤྱོད་པ་ནི་བདེ་བ་ཞིག་ཏུ་རྩིས་ཏེ་ངན་གོམས་སུ་འགྱུར་བཞིན་ཡོད་པ་དང་། དེ་ཡང་སྨྱོ་རྫས་སྤྱོད་མཁན་ཚང་མའི་གནས་སྟངས་གཅིག་པ་མ་ཡིན་པར། གཞོན་སྐྱེས་ཁག་ཅིག་ལ་གྲོགས་པོའི་ཤུགས་རྐྱེན་འོག་སྨྱོ་རྫས་ངན་གོམས་སུ་འགྲོ་ཡི་ཡོད་པ་དང་། ཡང་ཁག་ཅིག་ལ་ནང་མི་དང་། ཕ་མ་ལོག་ཁ་ཆགས་པ་སོགས་ཀྱི་རྒྱུ་རྐྱེན་གྱིས་སེམས་པ་སྐྱིད་པོ་མེད་སྟབས་སྨྱོན་རྫས་སྤྱོད་བཞིན་ཡོད་སྐོར་བརྗོད་སོང་།

ཡང་སྨྱོ་རྫས་སྔོན་འགོག་སྐོར་ལ་མོས། གལ་སྲིད་མི་ཚང་མ་འདོད་པ་ཁེངས་པ་དང་། བདེ་སྐྱིད་ལྡན་པ་ཞིག་བྱུང་ཚེ། སྨྱོ་རྫས་སྤྱད་དེ་བདེ་སྐྱིད་འཚོལ་མཁན་ཡོད་མི་སྲིད་ལ། ང་ཚོ་ཚང་མས་སྨྱོ་རྫས་སྤྱོད་མཁན་ནི་མི་ཉེས་ཅན་པ་དང་། མི་ངན་པ་ཞིག་ཏུ་རྩིས་པ་ཡིན་ན། དེས་ང་ཚོའི་སྤྱི་ཚོགས་ནང་སྨྱོ་རྫས་ཀྱི་དཀའ་ངལ་དེ་སེལ་མི་ཐུབ་ལ། མ་གཞི་སྨྱོ་རྫས་སྤྱོད་མཁན་ཚོ་ཡང་ཉེས་ཅན་པ་མ་རེད།  འོན་ཀྱང་། ཁོ་ཚོར་སྨྱོ་རྫས་མེད་སྐབས། བསམ་བློ་འདྲ་མིན་འཁོར་ཏེ་ལས་ཀ་སྣ་ཚོགས་སྒྲུབ་པ་སོགས་ཀྱིས་ཁོ་ཚོ་ཉེས་ཅན་པར་འགྱུར་བཞིན་ཡོད། དེར་བརྟེན། ང་ཚོ་ཚང་མས་སྨྱོ་རྫས་སྤྱོད་མཁན་ལ་སེམས་པ་བཟང་པོ་དང་། ཡ་རབས་ཀྱི་ལམ་ནས་སློབ་གསོ་བརྒྱབ་ཐུབ་པ་ཡིན་ན། དེས་ཁོ་ཚོར་སྨྱོ་རྫས་མཚམས་འཇོག་བྱེད་པར་ཕན་ནུས་ཐོན་ཐུབ། དེ་མིན་ང་ཚོས་སྨྱོ་རྫས་སྤྱོད་མཁན་རྣམས་ཁེར་རྐྱང་དང་། སྤྱི་ཚོགས་ལས་ལོགས་སུ་བཞག་པ་ཡིན་ན། དེས་ཁོ་ཚོས་སྨྱོ་རྫས་མཚམས་འཇོག་བྱེད་པར་ཕན་མི་ཐོགས་པ་མ་ཟད། ཁོ་ཚོའི་སེམས་ནང་གི་དཀའ་ངལ་ཆེ་རུ་ཕྱིན་ཏེ་སྨྱོ་རྫས་སྤྱོད་པ་མང་དུ་གཏོང་བའི་ཉེན་ཚབས་ཆེ་སྐོར་དང་། གལ་སྲིད་ང་ཚོས་སྨྱོ་རྫས་སྤྱོད་མཁན་ལ་འཕྲོད་བསྟེན་ལྡན་པ་དང་། བདེ་འཇགས་ཐོག་བདེ་སྐྱིད་ཐོབ་ཐུབ་པའི་ལམ་ཞིག་སྟོན་ཐུབ་པ་ཡིན་ན། ཁོ་ཚོས་སྨྱོ་རྫས་མཚམས་འཇོག་བྱེད་སྲིད་ལ། སྨྱོན་རྫས་ནི་བཅོས་ཐབས་ཡོད་པའི་གོམས་གཤིས་ངན་པ་ཞིག་ཡིན་ལུགས་བརྗོད་སོང་།

དེའི་རྗེས་འདི་གའི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་སྨྱོ་རྫས་ངན་གོམས་དང་གཉན་ནད་རེག་དུག་གི་འབྲེལ་ཡོད་ལས་བྱེད་བསྟན་འཛིན་བསོད་ནམ་ལགས་སུ་སྨྱོ་རྫས་ངན་གོམས་ཀྱི་དཀའ་ངལ་སེལ་ཐབས་སྐོར་དྲིས་པར་ཁོང་གིས། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་སྨྱོ་རྫས་ངན་གོམས་ཀྱི་དཀའ་ངལ་དེ་ཛ་དྲག་པོ་ཞིག་ལ་བརྩི་བཞིན་ཡོད་པ་མ་ཟད། ང་ཚོས་དཀའ་ངལ་དེ་སེལ་ཐབས་སུ་དམིགས་བསལ་སྡེ་ཚན་བཟོས་ཡོད་ལ། འཕྲོད་བསྟེན་ལས་ཁུངས་ནས་སྨྱོ་རྫས་ངན་གོམས་ཀྱི་དཀའ་ངལ་སེལ་བར་སྨྱོ་རྫས་སྔོན་འགོག་གི་གོ་རྟོགས་སྤེལ་རྒྱུ་དང་། སྨྱོ་རྫས་ངན་གོམས་སུ་ཕྱིན་པའི་ནད་པར་སྨན་བཅོས་རོགས་སྐྱོར་བྱ་རྒྱུའི་ཐབས་ལམ་གཉིས་བཟོས་ཏེ། ད་ལྟ་ང་ཚོས་ཐབས་ལམ་དེ་གཉིས་ལག་བསྟར་བྱས་དང་བྱེད་མུས་ཡིན་ལ། འདས་པའི་ལོ་གཉིས་རིང་འཕྲོད་བསྟེན་ལས་ཁུངས་ཀྱིས་རྒྱ་གར་རྒྱལ་ཡོངས་ནས་བོད་པའི་ཕོ་གསར་༤༥ ལ་རོགས་རམ་བྱས་ཏེ། རྒྱ་གར་གྱི་སྨྱོ་རྫས་ངན་གོམས་བཅོས་ཐབས་ལྟེ་གནས་ཁང་ཁག་ཏུ་བཏང་ཐུབ་ཡོད་ལ། དེ་བཞིན། བོད་པའི་གཞིས་ཆགས་ཁག་དང་། སློབ་གྲྭ་ཁག་ཏུ་སྨྱོ་རྫས་ངན་གོམས་ཐོག་ཆེད་མཁས་པ་དང་། མདུན་ལམ་སློབ་སྟོན་པ་སོགས་ཐད་གར་འབྲེལ་ཡོད་མི་སྣ་སྐད་བཏང་སྟེ། སྨྱོ་རྫས་ངན་གོམས་ཀྱི་སྐོར་ལ་གོ་རྟོགས་སྤེལ་དང་སྤེལ་མུས་ཡིན་སྐོར་བརྗོད་བྱུང་།

ཡང་གསར་འགོད་པས་དྷ་ཤོད་བོད་ཁྱིམ་སློབ་གྲྭའི་མདུན་ལམ་སློབ་སྟོན་པ་སྐལ་བཟང་ཚེ་དབང་ལགས་སུ་སློབ་གྲྭ་ཁག་གི་ནང་སྨྱོ་རྫས་ངན་གོམས་ཀྱི་དཀའ་ངལ་སྐོར་སྐད་ཆ་དྲིས་སྐབས།  ད་ལྟ་བོད་ཁྱིམ་སློབ་གྲྭ་ཁྱོན་ཡོངས་ནང་སྨྱོ་རྫས་སྤྱོད་མཁན་གཅིག་ཀྱང་མེད་པར་བཟོ་བའི་སྲིད་ཇུས་ཤིག་ཡོད་པ་དང་། དྷ་ཤོད་བོད་ཁྱིམ་སློབ་གྲྭར་མཚོན་ནའང་། སྨྱོ་རྫས་སྤྱོད་མཁན་གཅིག་ཀྱང་ཡོད་མི་ཆོག་པའི་སྲིད་ཇུས་བརྟན་པོ་ཡོད་ཀྱང་།  སློབ་ཕྲུག་གི་འཚར་ལོངས་དང་འབྲེལ་ཏེ། སྨྱོ་རྫས་ཀྱི་དཀའ་ངལ་དེ་རབ་དང་རིམ་པ་བཞིན་ཡོང་གི་ཡོད་པ་དང་། ད་ལོ་དྷ་ཤོད་བོད་ཁྱིམ་སློབ་གྲྭར་སྨྱོ་རྫས་སྤྱོད་མཁན་སློབ་ཕྲུག་ཁག་ཅིག་བྱུང་ཡོད་སྟབས།  སློབ་ཕྲུག་དེ་དག་གི་སྨྱོ་རྫས་ངན་གོམས་ཆགས་སྟངས་སྐོར་ལ་ཞིབ་འཇུག་བྱས་ཡོད་པ་དང་འབྲེལ།  སློབ་གྲྭའི་ངོས་ནས་སློབ་མ་སྨྱོ་རྫས་སྤྱོད་མཁན་ལ་ཉེན་བརྡ་སྤྲད་རྗེས་བསྐྱར་དུ་འཛིན་བཟུང་བྱས་པ་ཡིན་ན། ཟླ་གཅིག་རིང་སློབ་གྲྭ་ནས་ཕྱིར་འཕུད་གཏོང་བ་སོགས་ཀྱི་ཉེས་ཆད་གཏོང་གི་ཡོད་ཀྱང་། ཞིབ་འཇུག་བྱས་པ་བརྒྱུད་སྨྱོ་རྫས་ངན་གོམས་ཀྱི་སློབ་ཕྲུག་ཚོར་བྱམས་སྙིང་རྗེ་སྒོམ་སྟེ། བློ་ཐག་ཉེ་བོའི་ངང་ནས་སློབ་གསོ་བརྒྱབ་པ་ཡིན་ན་འགྱུར་བ་འགྲོ་ཡི་ཡོད་སྐོར་བརྗོད་བྱུང་།

གསར་འགོད་པ།  སྐལ་བཟང་སྤྱིན་པ།

བསྐྱར་བཅོས།: ༢༠༡༧/༡༠/༡༨

Leave a Reply

One thought on “ཆང་དང་སྨྱོ་རྫས་ངན་གོམས་ཀྱི་ཟབ་སྤྱོང་ཚོགས།

  1. ཨ་ཁུ་སྟོན་པ།

    ངན་གོམས་ཞེས་པ་བོད་ཀྱི་བརྡ་མ་རེད། ངན་ལངས་ཞེས་འབྲི་དགོས།
    སྒེར་དང་ཚོགས་པ་ཀུན་གྱིས་འདི་ངེས་པར་ཡིད་ལ་ཞོག