དམར་ཤོག་ཚོཊ་པའི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོགས།

ཚོཊ་ཆེན་མགོ་འཛུགས་ཐོག་ཞི་ཅིན་ཕིན་གྱིས་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་དམིགས་འབེན་མངོན་འགྱུར་དང་ཁ་བྲལ་རིང་ལུགས་པར་ཁ་གཏད་གཅོག་དགོས་ལུགས་བསྒྲགས་འདུག

དེ་རིང་པེ་ཅིན་གྱི་ཞོགས་པའི་ཆུ་ཚོད་ ༩ པ་སྟེང་མི་མང་ཚོགས་ཁང་ཆེན་མོའི་ནང་། རྒྱ་ནག་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ ༡༩ པ་འཚོགས་མགོ་བཙུགས་ཡོད་པ་དང་། ཚོགས་ཆེན་ཐོག་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་སྲིད་བློན་ལེ་ཁི་ཆཱང་གཉིས་གཙོས་པའི་རྒྱ་ནག་དབུས་ཆབ་སྲིད་རྒྱུན་ལས་ལྷན་ཁང་གི་དཔོན་རིགས་ ༤༢ དང་། དམར་ཤོག་ཚོགས་པའི་མཐོ་རིམ་དཔོན་རིགས་ ༢༤༣། འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཁང་གི་དཔོན་རིགས་ ༢༢། རྒྱལ་ཡོངས་ཀྱི་འཐུས་མི་ ༢༢༨༠ འཛོམས་ཡོད་པ་དང་། ཐེངས་འདིའི་ཚོགས་ཆེན་ཐོག་སྐབས་བཅོ་བརྒྱད་པའི་དབུས་རྒྱུན་ལས་ལྷན་ཁང་དང་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གཉིས་ཀྱི་ལས་དོན་སྙན་ཞུར་ཞིབ་དཔྱད་དང་། དེ་བཞིན་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་སྡུར་གཏན་འབེབས། གཞན་ཡང་། སྐབས་བཅུ་དགུ་པའི་དབུས་རྒྱུན་ལས་ལྷན་ཁང་དང་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གཉིས་ཀྱི་རྒྱུན་ལས་གསར་འདེམས་སོགས་བྱ་རྒྱུ་ཡིན་འདུག

རྒྱ་ནག་དབུས་བརྙན་འཕྲིན་ཁང་ནས་མཛད་སྒོའི་ཐོག་གི་སྲིད་འཛིན་ཞི་ཅིན་ཕིན་གྱི་གཏམ་བཤད་སྐོར་སྤེལ་བའི་ནང་།  རྒྱ་ནག་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་ནི། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ཐུབ་པ་བྱེད་པའི་ཐག་གཅོད་རང་བཞིན་གྱི་དུས་མཚམས་དང་། རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གོང་འཕེལ་གྱི་འགག་རྩའི་དུས་སྐབས་བཅས་སུ་འཁེལ་བའི་ཧ་ཅང་གལ་ཆེ་བའི་ཚོགས་ཆེན་ཞིག་ཡིན། འཐུས་མིའི་ཚོགས་ཆེན་གྱིས་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། མར་ཁེ་སི་ལེ་ཉེན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏུན་ཞོ་ཕིན་གྱི་རིག་པའི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་དགོངས་པའི་ལྟ་བ་ཟེར་བ་བཅས་ཀྱི་མཛུབ་ཁྲིད་བྱེད་པ། རྒྱ་ནག་དམར་ཤོག་དབུས་གཞུང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། ཐབས་ཇུས་གསར་པ་བཅས་ལག་བསྟར་བྱས་ཏེ། འདས་པའི་ལོ་ ༥ རིང་གི་ལས་དོན་ལ་ཕྱོགས་སྡོམ་ནན་ཏན་བྱ་རྒྱུ་དང་། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་པའི་རྗེས་ཀྱི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་སྣེ་ཁྲིད་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལོ་རྒྱུས་འཕེལ་རིམ་དང་རྩ་ཆེའི་ཉམས་མྱོང་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བ་དང་། ད་ལྟ་རྒྱལ་ཁབ་ཕྱི་ནང་གི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་གྱི་བླང་བྱ་གསར་པ་དང་མང་ཚོགས་ཀྱི་རེ་སྒུག་གསར་པ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་བྱེད་པ། དུས་རབས་ཀྱི་དགོས་མཁོ་དང་འཚམས་པའི་བྱ་སྤྱོད་རྩ་འཛིན་དང་བྱེད་ཕྱོགས་སྲིད་ཇུས་གལ་ཆེན་ཁག་གཏན་འབེབས་བཟོ་བ། ཐབས་ཇུས་ཁྱོན་ཡོངས་ཀྱི་ཐོག་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་འཆར་འགོད་དང་བཀོད་སྒྲིག་གསར་པ་བྱས་ཡོད། ཅེས་སོགས་འཁོད་འདུག

བྷི་བྷི་སི་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། ཚོགས་ཆེན་ཐོག་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས། ཕྱི་ལོ་ ༢༠༥༠ བར་མར་ཁེ་སི་ལེ་ཉེན་རིང་ལུགས་ཏེ། རྒྱ་ནག་གི་ཁྱད་ཆོས་ལྡན་པའི་དེང་རབས་སྤྱི་ཚོགས་རིང་ལུགས་ཀྱི་དམིགས་འབེན་མངོན་འགྱུར་ཡོང་དགོས་པ་དང་། བོད་དང་ཤིན་ཅང་། ཧོང་ཀོང་སོགས་ཚུད་པའི་ཁ་བྲལ་རིང་ལུགས་པར་ཁ་གཏད་གཅོག་དགོས་པ། ཐའེ་ཝན་མཚོ་འགག་དེ་རྒྱ་ནག་གི་ཆ་ཤས་ཡིན་པ། རྒྱ་ནག་གིས་ཕྱིའི་རྒྱལ་ཁབ་ཁག་གི་མ་རྐང་འཛུགས་སྐྲུན་ཚུད་པའི་འཛམ་གླིང་ལ་དཔལ་འབྱོར་སྒོ་འབྱེད་དང་དཔལ་འབྱོར་བཅོས་སྒྱུར་རྒྱུན་འཁྱོངས་བྱ་རྒྱུ། རྒྱ་ནག་དམར་ཤོག་ནང་ཁུལ་གྱི་ལྐོག་ཟ་རུལ་སུངས་ལ་ཞིབ་བཤེར་དང་དྲག་གནོན་བྱ་དགོས་ཚུལ་སོགས་བཤད་ཡོད་སྐོར་བརྗོད་འདུགརྒྱལ་སྤྱིའི་སྲིད་དོན་དབྱེ་ཞིབ་པ་ཚོས། ཐེངས་འདིའི་ཚོགས་ཆེན་ཐོག་ད་ལྟའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་སྲིད་བློན་ལེ་ཁི་ཆཱང་གཉིས་ཀྱི་གོ་དབང་རང་འཇགས་སུ་གནས་རྒྱུ་ཡིན་ནའང་། སྐབས་བཅུ་དགུ་པའི་དབུས་རྒྱུན་ལས་ལྷན་ཁང་དང་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གཉིས་ཀྱི་དཔོན་རིགས་ཚོར་འཕོ་འགྱུར་གཏང་རྒྱུ་ཡིན་པ་དང་། འཕོ་འགྱུར་དེ་ལ་བརྟེན་ནས་ད་ལྟའི་རྒྱ་ནག་དབུས་དམར་ཤོག་ཚོགས་པའི་དབང་སྒྱུར་སྲིད་ཇུས་ལ་འགྱུར་བ་འགྲོ་སྲིད་པར་ཚོད་དཔག་བྱེད་ཀྱི་འདུག

དེ་རིང་རྒྱ་ནག་དབུས་བརྙན་འཕྲིན་ཁང་གིས་བསྒྲགས་པའི་ལོ་རྒྱུས་ཡིག་ཚགས་ལྟར་ན། ཕྱི་ལོ་ ༡༩༢༡ ལོར་རྒྱ་ནག་འཐུས་མིའི་ཚོགས་ཆེན་ཐེངས་དང་པོ་དེ་ཧྲང་ཧེ་གྲོང་ཁྱེར་ནང་ཚོགས་ཡོད་པ་དང་། སྐབས་དེར་ཀྲུང་གོ་གུང་ཁྲན་ཏང་ཞེས་པ་དེ་མགོ་བཙུགས་པ་ཡོངས་བསྒྲགས་བྱས་ཡོད་པ་དང་། ཕྱི་ལོ་ ༡༩༢༢ ལོའི་ཚོགས་ཆེན་ཐེངས་གཉིས་པ་ཧྲང་ཧེ་གྲོང་ཁྱེར་ནང་ཚོགས་ཏེ་གུང་ཁྲན་ཏང་གི་རྩ་འཛུགས་དང་ཏང་གི་སྒྲིག་ཁྲིམས། ཏང་ཡོན་གྱི་ཆ་རྐྱེན་ཟེར་བ་སོགས་གཏན་འབེབས་བྱས། ཕྱི་ལོ་ ༡༩༢༣ ལོའི་ཧྲང་ཧེ་རུ་ཚོགས་ཆེན་ཐེངས་གསུམ་པ་ཚོགས་ཡོད་པ་དང་། ཚོགས་ཆེན་བཞི་པ་ཕྱི་ལོ་ ༡༩༢༤ ལོར་ཀང་ཀྲུའུ།   ཚོགས་ཆེན་ ༥ པ་ཕྱི་ལོ་ ༡༩༢༧ ལོར་བུའུ་ཧན་བཅས་སུ་ཚོགས་ཡོད་འདུག ཚོགས་ཆེན་ཐེངས་ ༦ པ་དེ་ཕྱི་ལོ་ ༡༩༢༨ ལོར་ཨུ་རུ་སུའི་རྒྱལ་ས་མཱོ་སི་ཁོ་རུ་ཚོགས་པ་དང་། དེ་ནི་རྒྱ་ནག་གི་འཐུས་མིའི་ཚོགས་ཆེན་ཕྱིའི་རྒྱལ་ཁབ་ནང་ཚོགས་པ་ཐེངས་དང་པོ་ཆགས་ཡོད་འདུག སྐབས་དེའི་ཚོགས་ཆེན་ཐོག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་ཕྱེད་མི་སེར་སྤེལ་ཡུལ་དང་ཕྱེད་བཀས་བཀོད་རྒྱུན་འཛིན་ལམ་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་བྱས། ཕྱི་ལོ་ ༡༩༤༥ ལོའི་ཚོགས་ཆེན་ཐེངས་ ༧ པ་ཡན་ཨན་དུ་ཚོགས་པ་དང་། སྐབས་དེར་ཏང་གི་འཐུས་མི་དངོས་ ༥༤༧ དང་བརྗེ་ཚབ་འཐུས་མི་ ༢༠༨ མཉམ་ཞུགས་བྱས་ཏེ། རྒྱ་ནག་གུང་ཁྲན་ཏང་གི་སྣེ་འཁྲིད་གོ་བབ་དང་ཏང་གི་ཆབ་སྲིད་ལམ་ལུགས་གཏན་འབེབས་བྱས།

ཕྱི་ལོ་ ༡༩༥༦ ལོའི་ཚོགས་ཆེན་ཐེངས་ ༨ པ་པེ་ཅིན་གྲོང་ཁྱེར་དུ་ཚོགས་པ་དང་། དེ་ནི་རྒྱ་ནག་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་དང་པོ་དེ་ཆགས་ཡོད་འདུག སྐབས་དེའི་ཚོགས་ཆེན་ཐོག རྒྱ་ནག་གི་དཔལ་འབྱོར་རིག་གནས་ཀྱི་འཕེལ་ཚད་དང་རྒྱ་ནག་མི་མང་གི་དགོས་མཁོ་གཉིས་བར་གྱི་ཧེ་བག་དེ་རྒྱ་ནག་ནང་གི་འགལ་ཟླ་ཆེ་ཤོས་ཡིན་པའི་བསམ་ཚུལ་བཏོན། ཕྱི་ལོ་ ༡༩༦༩ དང་ ༡༩༧༣། ༡༩༧༧ ལོའི་ཚོགས་ཆེན་ཐེངས་དགུ་པ་བཅུ་བ་གཅུ་གཅིག་བཅས་པེ་ཅིན་དུ་ཚོགས།  ཕྱི་ལོ་ ༡༩༧༨ ལོར་པེ་ཅིན་དུ་ཚོགས་པའི་ཚོགས་ཆེན་ཐེངས་ ༡༢ པའི་དམར་ཤོག་དབུས་རྒྱུན་ལས་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཚོགས་པའི་ཐོག ཏང་ཡོངས་ཀྱི་ཆབ་སྲིད་ལས་དོན་གྱི་ཁ་ཕྱོགས་དེ་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་བསྒྱུར་དགོས་ལུགས་བཤད། ཕྱི་ལོ་ ༡༩༨༢ ལོའི་ཚོགས་ཆེན་ཐེངས་ ༡༢ པེ་ཅིན་དུ་ཚོགས་ཏེ། ཏུན་ཞོ་ཕིན་གྱིས་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དགོས་པའི་གླེང་གཞི་བཏོན་པར་མ་ཟད། རྒྱ་ནག་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་དེ་ལོ་ ༥ ནང་ཐེངས་གཅིག་རེར་པེ་ཅིན་གྲོང་ཁྱེར་ནང་འཚོགས་རྒྱུ་གཏན་འཁེལ་བྱས། ཚོགས་ཆེན་ཐེངས་ ༡༣ ནས་ ༡༧ བར་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་རྒྱུན་འཁྱོངས་དང་ཕྱོགས་ཡོངས་ནས་ཡར་རྒྱས་གཏོང་ཕྱོགས། དེ་བཞིན་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་གྱི་དམིགས་འབེན་དང་ཐབས་ཇུས་སྐོར་ལ་མུ་མཐུད་གྲོས་སྡུར་བྱས་ཏེ་ཡར་རྒྱས་བཏང་། ཕྱི་ལོ་ ༢༠༡༢ ལོར་པེ་ཅིན་དུ་ཚོགས་པའི་ཚོགས་ཆེན་ཐེངས་ ༡༨ པའི་ཐོག གུང་ཁྲན་ཏང་བཙུགས་ནས་ལོ་ ༡༠༠ འཁོར་བའི་ལོ་སྟེ་ཕྱི་ལོ་ ༢༠༢༡ བར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལེགས་འགྲུབ་དགོས་པ་དང་། ཕྱི་ལོ་ ༢༠༤༩ སྟེ་ལོ་ ༢༠༠ འཁོར་སྐབས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་དགོས་པའི་རྨི་ལམ་ལེགས་འགྲུབ་དགོས་སྐོར་བསྒྲགས་ཡོད་པ་རེད།

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༡༠/༡༨

Leave a Reply

One thought on “དམར་ཤོག་ཚོཊ་པའི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོགས།