ཨ་རུ་ན་ཅལ་ནང་བོད་མིར་རོཊ་སྐྱོར་སྲིད་བྱུས་ལག་བསྟར་བྱ་རྒྱུ་ཡིན། 

ཨ་རུ་ན་ཅལ་གྱི་བོད་མི་སྐྱབས་བཅོལ་བ་ཚོ་སྐྱབས་བཅོལ་བའི་གནས་བབ་ཐོག་བཞག་སྟེ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ལག་བསྟར་བྱ་རྒྱུ་གཏན་འཁེལ་བྱུང་ཡོད་འདུག

ཉེ་ཆར་ཨ་རུ་ན་ཅལ་དུ་སློབ་ཕྲུག་མཐུན་ཚོགས་སོགས་ཀྱིས་སྣེ་ཁྲིད་དེ་ས་གནས་མི་མང་གིས། མངའ་སྡེ་དེའི་ནང་ ༢༠༡༤ བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ལག་བསྟར་བྱེད་མི་ཆོག་པའི་ངོ་རྒོལ་བྱས་ཡོད་ཀྱང་།  ཁ་སང་ཨ་རུ་ན་ཅལ་མངའ་སྡེའི་གྲོས་ཚོགས་བདེ་དོན་བློན་ཆེན་སྐུ་ཞབས་བྷ་མཱ་ཧྥི་ལིག་སི་(Bamang Felix)ལགས་ཀྱིས། བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་དེ་མངའ་སྡེའི་གྲོས་ཚོགས་ཀྱི་ཐག་གཅོད་བརྒྱུད་ཨ་རུ་ན་ཅལ་ནང་ལག་བསྟར་བྱ་རྒྱུ་གཏན་འཁེལ་བྱུང་ཡོད་སྐོར་བརྗོད་འདུག

ཨ་རུ་ན་ཅལ་མངའ་སྡེའི་གྲོས་ཚོགས་བདེ་དོན་བློན་ཆེན་སྐུ་ཞབས་ཧྥི་ལིག་སི་ལགས་ཀྱིས།  ངས་དེ་སྔོན་ནས་མངའ་སྡེའི་གཞུང་ལ་གྲོས་འཆར་བཏོན་ཏེ། བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་དེ་ཨ་རུ་ན་ཅལ་གྱི་ཚོགས་སྡེ་ཁག་དང་གྲོས་བསྡུར་གྱིས་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད་པ་ལྟར། ཐེངས་འདིའི་གྲོས་ཚོགས་གྲོས་ཐོག་ང་ཚོས་ཨ་རུ་ན་ཅལ་གྱི་ཚོགས་སྡེ་ཁག་གི་འཐུས་མི་རྣམས་དང་གྲོས་བསྡུར་བྱས་པ་བརྒྱུད། བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་མངའ་སྡེའི་ནང་ལག་བསྟར་བྱ་རྒྱུའི་ཐག་གཅོད་གཏན་འབེབས་བྱུང་ཡོད་ལ། སྲིད་བྱུས་དེས་རྒྱ་གར་རྩ་ཁྲིམས་ཀྱི་བཀའ་དགོངས་གཞིར་བཟུང་ཨ་རུ་ན་ཅལ་ས་གནས་མི་མང་ལའང་མཐའ་ཁུལ་བདག་དབང་སྲུང་སྐྱོབ་བྱེད་པར་ཕན་ཐོགས་ཀྱི་ཡོད། ཅེས་བརྗོད་འདུག

ཨ་རུ་ན་ཅལ་མངའ་སྡེའི་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱིས། བོད་མི་སྐྱབས་བཅོལ་བ་ཚོ་སྐྱབས་བཅོལ་བ་གཞན་དང་མི་འདྲ་བར་ཞི་བདེར་དགའ་བ་དང་། ཡིན་ལུགས་ཚུལ་ལྡན་གྱིས་ཁྲིམས་སྲུང་བ། ས་གནས་མི་མང་དང་ལྷན་དུ་ཞི་བདེའི་ངང་གནས་ཐུབ་པའི་སྐྱབས་བཅོལ་བ་ཞིག་ཡིན་པ་དང་།  ཁོ་ཚོའི་གྲངས་འབོར་རིམ་བཞིན་ཇེ་ཉུང་དུ་འགྲོ་ཡི་ཡོད། འོན་ཀྱང་། ཆཱག་མཱ་དང་ཧཱ་ཇོན་སྐྱབས་བཅོལ་བ་ཚོས་རྒྱ་གར་མི་སེར་གྱི་ཐོབ་ཐང་རྩོད་ཀྱི་ཡོད་ལ། མི་སེར་ཐོབ་ཐང་ཆེད་ཁོ་ཚོས་ཁྲིམས་བཟོས་ཏེ་དཀའ་ངལ་ཅན་གྱི་བཀའ་ཁྱབ་གཏོང་གི་ཡོད་པ་མ་ཟད། ། ཁོ་ཚོའི་གྲངས་འབོར་དེ་ཇི་མང་དུ་འགྲོ་ཡི་ཡོད། ཅེས་བརྗོད་འདུག

ཡང་ཁོང་གིས། བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་དེས་བོད་མི་ཚོར་ཕན་ཐོགས་པ་ཙམ་མ་ཟད། སྲིད་བྱུས་དེས་མ་འོངས་པར་ཨ་རུ་ན་ཅལ་ས་གནས་མི་མང་གིས་བདག་དབང་རྩོད་མི་ཐུབ་པའི་མཐའ་ཁུལ་ཁག་ཅིག་སྲུང་སྐྱོབ་བྱ་ཐུབ་ཀྱི་ཡོད་སྟབས། ཨ་རུ་ན་ཅལ་ནང་སྐྱབས་བཅོལ་བ་སྐྱབས་བཅོལ་བའི་གནས་བབ་ཐོག་གནས་སྡོད་བྱེད་ཆོག་ལ། དེ་འདྲ་བྱས་ནས་བསྡད་པ་ཡིན་ན་མ་འོངས་པར་ཁོ་ཚོས་ས་གནས་མི་མང་གི་ཐོབ་ཐང་རྩོད་མི་ཐུབ། བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་དེའི་ནང་རྒྱ་གར་དབུས་གཞུང་གི་མངོན་འདོད་གསལ་པོ་བསྟན་ཡོད། གལ་སྲིད་ད་དུང་ཨ་རུ་ན་ཅལ་གྱི་ཚོགས་སྡེ་ཁག་གིས་སྲིད་བྱུས་དེ་ལག་བསྟར་བྱེད་མི་ཆོག་ཟེར་ན་ང་ཚོས་ལག་བསྟར་བྱེད་ཀྱི་མིན།  ཞེས་སོགས་བརྗོད་ཡོད་པ་རེད།

ཨ་རུ་ན་ཅལ་ནང་བོད་པའི་གཞིས་ཆགས་ཁག་གསུམ་དང་། བོད་མི་ ༧༥༣༠ ཡོད་པ་རེད། བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ནི་རྒྱ་གར་དབུས་གཞུང་གིས་རྒྱ་གར་ནང་ཡོད་པའི་བོད་མི་སྐྱབས་བཅོལ་བ་སྤྱི་ཡོངས་ཀྱི་ཆེད་གཏན་འབེབ་བྱས་ཏེ།  བོད་མི་སྐྱབས་བཅོལ་བ་ཚོས་རྒྱ་གར་ནང་ཁྲིམས་མཐུན་གྱི་ཚོང་ལས་དང་སྨན་ཞབས། དགེ་རྒན། རྩིས་པ་སོགས་ཆེད་ལས་མི་སྣའི་ལས་ཀ་བྱེད་ཆོག་པའི་ཐོབ་ཐང་སོགས་སྤྲོད་ཀྱི་ཡོད་པ་རེད།

གསར་འགོད་པ།  སྐལ་བཟང་སྤྱིན་པ།

བསྐྱར་བཅོས།: ༢༠༡༧/༡༠/༡༩

Leave a Reply

2 thoughts on “ཨ་རུ་ན་ཅལ་ནང་བོད་མིར་རོཊ་སྐྱོར་སྲིད་བྱུས་ལག་བསྟར་བྱ་རྒྱུ་ཡིན། 

  1. བསྟན་འཛིན་སྦྱིན་པ།

    གལ་སྲིད་ད་དུང་ཨ་རུ་ན་ཅལ་གྱི་ཚོགས་སྡེ་ཁག་གིས་སྲིད་བྱུས་དེ་ལག་བསྟར་བྱེད་མི་ཆོག་ཟེར་ན་ང་ཚོས་ལག་བསྟར་བྱེད་ཀྱི་མིན། ཟེར་བའི་གཏམ་དེར་གོ་རྒྱུ་ཞིག་འདུག ད་དུས་འགྱུར་བ་ཐེབས་མི་སྲིད་པ་མ་རེད་སྙམ།

  2. གཞུང་པ་ཚེ་དབང་བསོད་ནམས་ཡ

    ཕོ་འགའ་རེའི་གཡུ་རེད་ཟེར་གྱི་འདའ་ཕོ་འགའ་རེའི་རྡོ་རེད་ཟེར་གྱི་འདའ་།
    ཕོ་འགའ་རེའི་གསེར་རེད་ཟེར་གྱི་འདའ་ཕོ་འགའ་རེའི་རག་རེད་ཟེར་གྱི་འདའ་།
    ཕོ་འགའ་རེའི་གཟི་རེད་ཟེར་གྱི་འདའ་ཕོ་འགའ་རེའི་འབུ་རེད་ཟེར་གྱི་འདའ་།
    ཧཧཧ