ཨ་རྒྱ་གཉིས་ཀྱིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་སྟངས་གཅིག་པ་ཡིན་ཟེར།

རྒྱ་ནག་སྒྲིག་ཁྲིམས་ལྟ་ཞིབ་བློན་ཆེན་གྱིས་ཨ་རིས་བྲན་གཡོག་ཚོར་བཅིངས་གྲོལ་བཏང་བ་དང་རྒྱ་ནག་གཞུང་གིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱ་བཅིངས་གྲོལ་བཏང་བ་གཉིས་གཅིག་མཚུངས་ཡིན་སྐོར་བསྒྲགས་འདུག

ཟླ་འདིའི་ཕྱི་ཚེས་༡༩ ཉིན་རོའོ་ཊིར་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་དམར་ཤོག་ཚོགས་ཆེན་ཐེངས་༡༩ པའི་གསར་འགོད་ལྷན་ཚོགས་ཤིག་གི་སྐབས། རྒྱ་ནག་སྒྲིག་ཁྲིམས་ལྟ་ཞིབ་ཁང་གི་བློན་ཆེན་ཡཱང་ཞའོ་ཏུའུ་(Yang Xiaodu) ཟེར་བ་དེར་གསར་འགོད་པས་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་སྐད་ཆ་འདྲི་སྐབས། ཁོས་སྤྱིར་འགྲོ་བ་མིའི་ཐོབ་ཐང་ཟེར་བ་དེ་ཧ་ཅང་དེང་རབས་ཀྱི་དྲི་གཞི་ཞིག་ཆགས་ཀྱི་ཡོད་པ་དང་། དེ་ནི་ཚད་ངེས་ཅན་ཡོད་པ་ཞིག་ཡིན་ལ། ཁོ་རང་གིས་བོད་རང་སྐྱོངས་ལྗོངས་ནང་ཡུན་རིང་ལས་ཀ་བྱས་མྱོང་ལྟར་ན་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་དྲི་བ་དེ་ནི་དགའ་མོས་ཆེན་པོ་ཡོད་པ་ཞིག་ཡིན་སྐོར་བརྗོད་འདུག

ཁོས་ཨ་རིའི་སྲིད་འཛིན་འདས་པོ་ལུན་ཁོན་གྱིས་ཨ་རིའི་བྲན་གཡོག་ཚོ་བཅིངས་འགྲོལ་བཏང་བ་ལྟར། རྒྱ་ནག་གིས་བོད་ཀྱི་ཞིང་བྲན་ལམ་ལུགས་མཇུག་བསྡུས་ཏེ་ཞི་བའི་བཅིངས་གྲོལ་བཏང་བ་གཉིས་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱས་པ་གཅིག་མཚུངས་ཆགས་ཡོད་པ་དང་། གལ་ཏེ་ཁྱེད་ཀྱིས་ལུན་ཁོན་གྱི་བསམ་ཚུལ་ལྟར་བལྟས་པ་ཡིན་ན། ཁོས་རྒྱ་ནག་གིས་བོད་ནང་ཞིང་བྲན་ལམ་ལུགས་བཅིངས་གྲོལ་བཏང་པར་མོས་མཐུན་བྱས་ཡོད་པ་རེད། ཅེས་བརྗོད་འདུག

ཡང་ཁོས་ལུན་ཁོན་གྱིས་བྲན་གཡོག་ཚོ་བཅིངས་གྲོལ་བཏང་བར་བརྟེན་རྒྱ་ནག་མི་མང་གིས་ཁོང་ནི་རླབས་ཆེན་གྱི་མི་སྣ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་།  ཨ་རི་དང་རྒྱ་ནག་མི་མང་གི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་ལ་ངོས་འཛིན་བྱེད་སྟངས་གཅིག་པ་ཆགས་ཡོད་པ་རེད། བོད་ནང་ང་ཚོས་ཞིང་བྲན་ལམ་ལུགས་བཅིངས་གྲོལ་བཏང་བ་དེ་ཨ་རིའི་གྲོགས་པོ་ཚོས་ཅིའི་ཕྱིར་དོན་དངོས་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད། དེ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཞིག་ཆགས་ཀྱི་ཡོད་པ་རེད། ཅེས་བརྗོད་འདུག

ཧོང་ཀོང་རང་དབང་གསར་ཁང་གི་གནས་ཚུལ་ནང་།  རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༥༠ ལོ་ནས་བོད་ནང་ཞི་བའི་བཅིངས་གྲོལ་བཏང་ཡོད་སྐོར་བསྒྲགས་བཞིན་ཡོད་པ་རེད་ལ། ཁོ་ཚོས་བོད་ནང་མུན་ནག་གི་དུས་རབས་མཇུག་རྫོགས་ནས་ཞིང་བྲན་ཁྲི་ཚོ་བརྒྱ་ལ་རང་དབང་ཐོབ་ཡོད་ཅེས་སྒྲོག་ཀྱི་ཡོད་པ་མ་ཟད།  ལོ་ལྟར་བོད་ཞི་བའི་བཅིངས་གྲོལ་བཏང་བའི་ཉིན་མོ་ཞེས་པའི་དུས་ཆེན་ཞིག་ཀྱང་སྲུང་གཙི་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་། ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་ཉུང་མཐར་བོད་ཕྱི་ནང་གཉིས་ནས་བོད་མི་སེར་སྐྱ་ ༡༥༠ ལྷག་གིས། རྒྱ་ནག་གཞུང་གི་བཙན་གནོན་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་གནང་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་ནང་གསར་འགོད་པ་དང་ཕྱི་མི་ཡོང་བར་རྒྱུན་དུ་བཀག་འགོག་བྱེད་བཞིན་ཡོད་པ་བརྗོད་འདུག

ཁ་སང་ཚོགས་ཆེན་ཐོག་ཞུགས་པའི་བོད་རང་སྐྱོང་ལྗོངས་ཀྱི་ལྷ་སའི་དྲིལ་བསྒྲགས་འགན་འཛིན་སྤེན་པ་བཀྲིས་ཟེར་བ་ཞིག་གིས་གསར་འགོད་པར། ང་ཚོའི་ངོས་ནས་བོད་ནང་ཕྱི་རྒྱལ་ཡུལ་སྐོར་བ་གང་མང་ཡོང་རྒྱུར་དགའ་བསུ་ཞུ་བཞིན་ཡོད། འོན་ཀྱང་། བོད་ནི་ས་མཐོའི་ཡུལ་གྲུ་ཞིག་ཡིན་སྟབས། ང་ཚོས་མུ་མཐུད་ཡུལ་སྐོར་སྣེ་ལེན་བྱེད་ཕྱོགས་ལ་ཡར་རྒྱས་གཏོང་བཞིན་ཡོད། ཅེས་བརྗོད་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༡༠/༢༠

Leave a Reply

2 thoughts on “ཨ་རྒྱ་གཉིས་ཀྱིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་སྟངས་གཅིག་པ་ཡིན་ཟེར།

  1. རྒྱུད་གྲྭ་བློ་བཟང་དབང་འདུས།

    ཨ་རི་སྲི་གཟུར་ Lincoln ཡི་ བྲན་གཡོག་རིང་ལུགས་བཀག་ནས་ རང་ལུས་མེར་སྲེག་བཏང་མཁན་བྱུང་མེད། རྒྱ་དམར་གྱི་བོད་ཞི་བའི་བཅོངས་འགྲོལ་ལ་བོད་མི་ ༡༢༠༠༠༠༠ རང་སྲོག་ཤོར། དེང་དུས་དང་ཐུན་པའི་འགྲོ་བ་མིའི་ཐོབ་ཐང་ལ་བོད་མི་ ༧༠༠ ལྷག་བཙམ་རང་སྲོག་ཤོར། ད་དུང་རང་ལུས་མེར་སྲེག་མུ་ཐུས། ཨ་རི་དང་གཅིག་པ་རེད་འདུག་མིན་འདུག་གཟིགས་རོགས།

  2. གཞུང་པ་ཚེ་དབང་བསོད་ནམས་ཡ

    ཨ་རི་བཙན་རྒྱལ་རིང་ལུགས་དང་རྒྱ་ནག་གུང་ཁྲན་རིང་ལུགས་གཉིས་འདྲ་བོ་ཡིན་པ་རྒྱ་དཔོན་གྱི་ངོས་ལེན་བྱས་པ་ལ་དགའ་བསུ་ཡོད་ཨ་རིའི་ཨི་རག་དང་ཨབ་གྷན་ནང་བཙན་འཛུལ་དང་རྒྱ་མིའི་བོད་དང་ཤིང་ཅང་ཐོག་བཙན་གནོན་གཉིས་འདྲ་བོ་རེད་མི་འདུག་གམ་།