ཞི་ཡི་ལག་པ་གཡས་གཡོན་ལྟ་བུའི་མ་འོངས་འཐབ་གྲོཊ་གཉིས།

ཞི་ཅིན་ཕིན་གྱི་བློས་ཐུབ་དཔོན་རིགས་ལི་ཀྲན་ཧྲུའུ་རྒྱ་ནག་དམར་ཤོག་དབུས་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཀྲོ་ལི་ཅི་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་འགན་འཛིན་དུ་བསྐོ་འཆར་ཡོད་འདུག

དེ་རིང་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་ཁང་གིས། རྒྱ་ནག་དམར་ཤོག་དབུས་གཞུང་སྒྲུབ་ཁང་གི་འགན་འཛིན་དང་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ལི་ཀྲན་ཧྲུའུ་ (Li Zhanshu) ཟེར་བ་དེ། རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་གཙོ་ཀྲུང་ཏི་ཅང་ (Zhang Dejiang) གི་ཚབ་ཏུ་བསྐོ་བཞག་བྱ་རྒྱུ་དང་།  དབུས་རྒྱུན་རྩ་འཛུགས་ལྷན་ཚོགས་ཀྱི་ཚོགས་གཙོ་ཀྲོ་ལི་ཅི་ (Zhao Leji) ཟེར་བ་དེ། དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་འགན་འཛིན་ཝང་ཆི་ཧྲན་ (Wang Qishan) གྱི་ཚབ་ཏུ་བསྐོ་བཞག་བྱ་རྒྱུ་ཡིན་སྐོར་བརྗོད་འདུག་ལ། ལི་ཀྲན་ཧྲུའུ་དང་ཀྲོ་ལི་ཅི་གཉིས་ནི་ཞི་ཅིན་ཕིན་གྱི་བློས་ཐུབ་དཔོན་རིགས་གཉིས་ཡིན་པར་མ་ཟད། ཀྲོ་ལི་ཅི་ཟེར་བ་དེ་རྒྱ་ནག་གི་སྲིད་འཛིན་ཟུར་བ་ཧུའུ་ཅིན་ཐོ་ཡིས་དམར་ཤོག་ཚོགས་པའི་ཤུལ་འཛིན་དཔོན་རིགས་གཉིས་མིང་འདོན་བྱས་ཡོད་པའི་ནང་གི་གཅིག་ཡིན་འདུག

ལོན་ཊོན་གཙུག་ལག་སློབ་ཆེན་གྱི་རྒྱ་ནག་ཉམས་ཞིབ་ཚན་པའི་འགན་འཛིན་སི་ཊི་ཧྥི་ཚཱང་ (Steve Tsang) ཟེར་བ་ཞིག་གིས། ལི་ཀྲན་ཧྲུའུ་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་དབུས་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་གཙོར་བསྐོས་པ་བརྒྱུད། མ་འོངས་ལོ་ངོ་ ༥ ནང་ཞི་ཅིན་ཕིན་ལ་རྒྱ་ནག་དབུས་རྒྱུན་ལས་ལྷན་ཚོགས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འཐོབ་རྒྱུ་ཡིན་པ་དང་། སྤྱིར་རྒྱ་ནག་འཐུས་མིའི་ཚོགས་ཆེན་ལ་དབྱིན་ཇིའི་གྲོས་ཚོགས་དང་ཨ་རིའི་གྲོས་ཚོགས་གཉིས་དང་འདྲ་བའི་ཆབ་སྲིད་ཀྱི་དབང་ཤུགས་ཆེན་པོ་མེད་ནའང་། འཐུས་མིའི་ཚོགས་ཆེན་ལ་བརྟེན་ནས་ཞི་ཅིན་ཕིན་གྱི་གོ་དབང་སྲ་བརྟན་དང་དབུས་རྒྱུན་ལས་ལྷན་ཚོགས་ཀྱི་དཔོན་རིགས་འཕོ་འགྱུར་གཏོང་ཐུབ་ཀྱི་ཡོད་པ་དང་། འདས་པའི་ལོ་ངོ་འདི་དག་རིང་ལི་ཀྲན་ཧྲུའུ་ཡིས་ཞི་ཅིན་ཕིན་གྱི་སྲིད་ཇུས་ཁ་ཕྱོགས་ལ་རམ་འདེགས་ཀྱི་ནུས་པ་གལ་ཆེན་ཐོན་ཡོད་སྐོར་བརྗོད་འདུག

ཧྲང་ཧེ་གྲོང་ཁྱེར་ཆབ་སྲིད་ཚན་རིག་སློབ་གླིང་གི་ཆབ་སྲིད་དཔྱད་བརྗོད་པ་ཁྲུན་ཏོ་ཡེན་ (Chen Daoyin) ཟེར་བ་ཞིག་གིས། ཞི་ཅིན་ཕིན་དང་ཀྲོ་ལི་ཅི་གཉིས་ཀྱི་འབྲེལ་བར་བརྟེན་ནས། རྒྱལ་ཡོངས་འཐུས་མིའི་ཆེན་གྱི་དབང་ཆ་སྲ་བརྟན་ཡོང་བར་མ་ཟད། རྒྱ་ནག་དབུས་གཞུང་གིས་ཧོང་ཀོང་གྲོང་ཁྱེར་གྱི་ལས་དོན་ལ་མུ་མཐུད་ལྟ་ཞིབ་ནན་མོ་བྱ་ཐུབ་རྒྱུ་ཡིན་ཚུལ་བཤད་འདུག

ལི་ཀྲན་ཧྲུ་ནི་རྒྱ་ནག་ཧུ་པེ་ཞིང་ཆེན་ཕེན་ཧྲན་ (Pingshan) རྫོང་གི་མི་ཡིན་པ་དང་། ཕྱི་ལོ་ ༡༩༧༥ ལོར་རྒྱ་ནག་དམར་ཤོག་ཚོགས་ཁོངས་སུ་ཞུགས་ཡོད་འདུག ཕྱི་ལོ་ ༡༩༨༠ ལོར་ཧུ་པའེ་དགེ་འོས་སློབ་ཆེན་ནས་མཐར་ཕྱིན་རྗེས། ཧུ་པའེ་ཝུ་ཅེ་ (Wuji) རྫོང་དམར་ཤོག་ཚོགས་པའི་དྲུང་ཆེ་དང་། ཕྱི་ལོ་ ༢༠༠༢ ལོར་ཞི་ཨན་ (Xi’an) དམར་ཤོག་དྲུང་ཆེ། ༢༠༠༣ ལོར་ཧེ་ལོང་ཅང་ (Heilongjiang) དམར་ཤོག་དྲུང་ཆེ། ༢༠༡༠ ལོར་ཀེ་ཀྲུའུ་ (Guizhou) ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ། ༢༠༡༢ ལོར་རྒྱ་ནག་དབུས་གཞུང་སྒྲུབ་ཁང་གི་འགན་འཛིན་དང་། ༢༠༡༣ ལོར་རྒྱ་ནག་དམར་ཤོག་རྒྱལ་ཡོངས་བདེ་འཇགས་ལྷན་ཚོགས་ཀྱི་རྒྱུན་ལས་བཅས་སུ་བསྐོ་བཞག་བྱས་འདུག ཁོའི་བྱས་རྗེས་གཙོ་བོ་ནི་ཕྱི་ལོ་ ༢༠༡༥ ལོར་ཞི་ཅིན་ཕིན་གྱི་ཚབ་ཏུ་ཨུ་རུ་སུར་སོང་ནས་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱི་རྒྱལ་འབྲེལ་སྲ་བརྟན་བཏང་བ་དེ་ཡིན་ལུགས་བཤད་ཀྱི་འདུག

དེ་བཞིན། ཀྲོ་ལི་ཅི་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་སྐྱེས་པའི་ཞི་ཨན་གྱི་མི་ཞིག་ཡིན་པ་དང་། ཕྱི་ལོ་ ༡༩༧༥ ལོར་དམར་ཤོག་ཚོགས་ཁུངས་སུ་ཞུགས་ཡོད་འདུག ཕྱི་ལོ་༡༩༧༩ ལོར་པེ་ཅིན་སློབ་ཆེན་གྱི་ཆབ་སྲིད་སྡེ་ཁག་ནས་སློབ་མཐར་ཕྱིན་ཡོད་པ་དང་། ཕྱི་ལོ་ ༡༩༩༣ ལོར་ཟི་ལིང་གྲོང་ཁྱེར་དམར་ཤོག་དྲུང་ཆེ་དང་། ཕྱི་ལོ་ ༡༩༩༩ ལོར་ཟི་ལིང་གྲོང་ཁྱེར་སྤྱི་ཁྱབ། ༢༠༠༧ ལོར་ཧྲན་ཞི་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་བྱས། ཕྱི་ལོ་ ༢༠༡༢ ལོའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་ཐོག དབུས་ཆབ་སྲིད་རྒྱུན་ལས་ལྷན་ཚོགས་ཀྱི་རྒྱུན་ལས་དང་། དབུས་རྒྱུན་རྩ་འཛུགས་ལྷན་ཚོགས་ཀྱི་ཚོགས་གཙོ་བཅས་སུ་བསྐོ་བཞག་བྱས་ཡོད་པར་མ་ཟད། ཀྲོ་ལི་ཅི་ནི་ཞི་ཅིན་ཕིན་གྱི་སྤྱི་ཁྱབ་དྲུང་ཆེ་ལྟ་བུར་ངོས་འཛིན་བྱེད་ཀྱི་འདུག

ཐེངས་འདིའི་ཚོགས་ཆེན་སྐབས་ཀྱི་རྒྱུན་ལས་གསར་འདེམས་ཐད་གླེང་གཞི་ཆེ་ཤོས་ཤིག་ནི་ཝང་ཆི་ཧྲན་ཡིན་པ་དང་། དམར་ཤོག་ཚོགས་པའི་ལོ་ཚད་ཀྱི་སྒྲིག་གཞི་ལྟར་ན་ཝང་ཆི་ཧྲན་བསྐྱར་དུ་བསྐོ་བཞག་བྱེད་ཐབས་མེད་ཀྱང་། ཝང་ནི་ཞི་ཅིན་ཕིན་གྱི་ལས་ཡུན་དང་པོའི་གྲུབ་འབྲས་ཆེ་ཤོས་སུ་བརྩི་བའི་ལྐོག་ཟ་རུལ་སུངས་རྒོལ་རྡུང་གི་སྣེ་འཁྲིད་པ་སྟེ་ཞི་ཡི་ལག་པ་གཡས་པ་ལྟ་བུ་ཆགས་ཡོད་པ་རེད། ཀྲང་ཏེ་ཅང་དང་ཀྲང་གོ་ལི། ལུའུ་ཡས་ཧྲན་བཅས་ནི་ད་ལྟའི་དབུས་ཆབ་སྲིད་ལྷན་ཁང་ནང་གི་ཅང་ཙི་མེན་གྱི་གྲིབ་མ་ནག་པོ་ཞིག་ཡིན་སྐོར་བརྗོད་དེ། དབུས་ཆབ་སྲིད་ལྷན་ཁང་ནང་རྒྱུན་དུ་ཉེན་བརྡ་དང་སྐྱོན་བརྗོད་ཕོག་གི་ཡོད་པའི་སྐད་ཆ་ལོ་ཤས་གོང་ནས་བཟུང་ཕྱིའི་གསར་འགྱུར་བརྒྱུད་ལམ་དུ་ཐོན་ཡོད་པ་རེད།

རྒྱ་རིགས་ཆབ་སྲིད་དབྱེ་ཞིབ་པ་ཚོས། ཞི་ཅིན་ཕིན་གྱི་ཚོགས་ཆེན་གཏམ་བཤད་ནང་། དམར་ཤོག་ཚོགས་པ་ནང་ཁུལ་གྱི་ལྐོག་ཟ་རུལ་སུངས་བར་ཞིབ་བཤེར་རྒོལ་རྡུང་གཏང་སྟེ། རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་གོང་སྤེལ་དང་ཕྱོགས་ཡོངས་ནས་རྒྱ་ནག་རྒྱལ་ཁབ་ཁྲིམས་ཀྱིས་སྐྱོང་དགོས་ཚུལ་བསྟན་ཡོད་པ་ལྟར། དམིགས་འབེན་དེ་དག་འགྲུབ་ཆེད། ཞི་ཅིན་ཕིན་གྱིས་བསྐྱར་དུ་སྒྲིག་འཛུགས་གསར་པ་གཉིས་འཛུགས་འཆར་ཡོད་པ་དང་། སྒྲིག་འཛུགས་དེ་གཉིས་ནང་རྒྱལ་ཡོངས་དམངས་ཆེན་ཚོགས་འདུའི་ལས་དོན་དང་། དམར་ཤོག་ཚོགས་པ་ནང་ཁུལ་གྱི་ལྐོག་ཟ་རུལ་སུངས་ལྟ་ཞིབ་ལས་དོན། དེ་བཞིན་རྒྱ་ནག་དམར་ཤོག་དབུས་སྒྲིག་ཁྲིམས་ཞིབ་བཤེར་གྱི་ལས་དོན་སོགས་ཚུད་ཡོད་པ་དང་། ལི་ཀྲན་ཧྲུའུ་དབུས་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་གཙོར་བསྐོས་པ་ཡིན་ན། མ་འོངས་པར་རྒྱ་ནག་དམངས་ཆེན་ཚོགས་འདུའི་ལས་དོན་ཞི་འཇགས་དང་སྲ་བརྟན་ཡོང་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱི་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༡༠/༢༠

Leave a Reply

2 thoughts on “ཞི་ཡི་ལག་པ་གཡས་གཡོན་ལྟ་བུའི་མ་འོངས་འཐབ་གྲོཊ་གཉིས།

  1. ༄༅། ཡིན་ཡིན་མིན་མིན་ཁ་མཁས་ཇི་ལྟར་བཤད་ན་ཡང།
    དོན་དངོས་རང་གི་རྐུབ་བཀྱག་ཁོ་ནའི་དོན་ཡིན་འདུག།
    བྱེད་རྒྱུ་གཉའ་གནོན་བཤད་རྒྱུ་སྐྱག་རྫུན་རྒྱ་ལས་མ་བྲལ་ཞིང།
    ཆོས་མེད་རིང་ལུགས་དྲང་བདེན་བྱམས་བརྕེ་ཁོང་ཚོར་ཡོད་པ་མ་ཡིན་ནོ།

  2. གཞུང་པ་ཚེ་དབང་བསོད་ནམས་ཡ

    འགོ་འདྲེན་རིང་ལུགས་ལྐོག་ཟ་རུལ་སྲུང་གུང་ཁྲན་དམར་པོའི་ཁྱད་ཆོས་རེད་།
    འགོ་འདྲེན་མེད་ན་དཔོན་ལ་འཁོད་པའི་རེ་བ་བྲལ་།
    ལྐོག་ཟ་མེད་ན་དཔོན་ངན་ཚང་མ་སློང་མཁན་ཆགས་།
    འགོ་འདྲེན་རིང་་ལུགས་ལྐོག་ཟ་རུལ་སྲུང་མེད་པའི་སྤྱི་ཚོགས་གང་ན་ཡོད་།