ཨ་རིའི་སྲིད་འཛིན་ཟུར་པ་གཉིས་ཀྱི་ཐུགས་ཚབས།

ཨ་རིའི་སྲིད་འཛིན་ཟུར་པ་ཨོ་བྷ་མ་དང་བྷོ་ཤི་རྣམ་གཉིས་ཀྱིས་ད་ལྟ་ཨ་རི་ཉམས་རྒུད་དང་ཉེན་ཁའི་ནང་ལྷུང་ཡོད་པའི་སེམས་ཚབས་ཀྱི་གཏམ་བཤད་གནང་འདུག

བྷི་བྷི་སིའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་གྲོང་ཁྱེར་ནེའུ་ཇར་སི་རུ་སྤེལ་བའི་དམངས་གཙོའི་ལས་འགུལ་ཞིག་གི་ཐོག་སྲིད་འཛིན་ཟུར་པ་ཨོ་བྷ་མས་གཏམ་བཤད་གནང་སྐབས། ཨ་རིའི་མི་མང་གིས་འཛམ་གླིང་ལ་ཆབ་སྲིད་ཀྱི་དབྱེ་འབྱེད་དང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་ཀྱི་ཡོད་པའི་བརྡ་ཞིག་སྟོན་དགོས་ཡོད་པ་དང་། ང་ཚོར་ཡོད་མི་རུང་ནི་འདས་ཟིན་པའི་ཨ་རིའི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་དབྱེ་འབྱེད་བྱུང་བ་དེ་ཡིན་ཡང་། ད་ལྟ་འབྱུང་བཞིན་པའི་ཨ་རིའི་ཆབ་སྲིད་ཀྱི་གནས་བབ་ནི་ལོ་ངོ་ལྔ་བཅུའི་ཡར་སྔོན་གྱི་ཆབ་སྲིད་ལྟ་བུར་གྱུར་འདུག་སྟབས། ང་ཚོས་དེ་མཚམས་འཇོག་བྱེད་དགོས་པ་མ་ཟད། ད་ལྟ་དུས་རབས་ཉེར་གཅིག་པ་ཡིན་པ་ལས་དུས་རབས་ ༡༩ པ་མ་རེད། ཅེས་གསུངས་འདུག

དེ་བཞིན་སྲིད་འཛིན་ཟུར་པ་བྷོ་ཤི་(George W. Bush)་ལགས་ཀྱིས། ད་ལྟ་མཁྲེགས་འཛིན་ཆེ་བའི་མི་རྣམས་དཔའ་ངར་ལངས་ཏེ་ལོག་སྤྱོད་ཀྱིས་ང་ཚོའི་ཆབ་སྲིད་ཀྱི་གནས་བབ་དེ་ཉེན་ཁ་ཞིག་ཏུ་ལྷུང་ཡོད་པ་དང་།  ཨ་རིའི་མི་མང་གིས་མཐོང་གསལ་ལྟར།  ང་ཚོས་དཀའ་ལས་བརྒྱབས་ཏེ་གསོག་འཇོག་བྱས་པའི་ཨ་རིའི་རིན་ཐང་ཡང་ད་ལྟ་ཡ་ང་སྙིང་རྗེ་མེད་པ་ཚོས་གཏོར་བཤིག་གཏོང་གི་ཡོད་ལ།  དམིགས་བསལ་གཞོན་སྐྱེས་མང་པོ་ཞིག་གིས་དམངས་གཙོར་རྒྱབ་སྐྱོར་བྱེད་པའི་ལངས་ཕྱོགས་དེ་ཉམས་རྒུད་དུ་ཕྱིན་ཡོད་པ་དང་། ང་ཚོས་མཐུན་སྒྲིལ་བྱེད་པའི་སྟོབས་ཤུགས་ལས་ང་ཚོ་ཁ་བྲལ་དུ་གཏོང་བའི་སྟོབས་ཤུགས་ཆེ་རུ་འགྲོ་ཡི་ཡོད་པ་མ་ཟད།  ཕྱི་མི་གནས་སྤོར་བས་ཨ་རིར་བཞག་པའི་བྱས་རྗེས་བརྗེད་འགྲོ་ཡི་འདུག ཅེས་གསུངས་འདུག

ཨ་རིའི་སྲིད་འཛིན་ཟུར་བ་རྣམ་གཉིས་ཀྱིས་སྲིད་འཛིན་ཊི་རུམ་ཕིས་སྲིད་དབང་བཟུང་རྗེས་ད་ལྟ་བར་དུ་གཏམ་བཤད་གཅིག་ཀྱང་གནང་མེད་པ་དང་། ན་ནིང་ཊི་རུམ་ཕི་སྲིད་འཛིན་མ་ཆགས་གོང་དུ། སྲིད་འཛིན་ཨོ་བྷ་མ་དང་བྷོ་ཤི་རྣམ་གཉིས་ཀྱིས་གཅིག་བྱས་ན་ཊི་རུམ་ཕི་ནི་ཨ་རིའི་ལོ་རྒྱུས་ནང་གི་སྲིད་འཛིན་སྡུག་ཤོས་དེ་ཆགས་སྲིད་སྐོར་གསུངས་ཡོད་པ་རེད།

ཐེངས་འདིའི་གཏམ་བཤད་སྐབས་སྲིད་འཛིན་ཟུར་བ་རྣམ་གཉིས་ས་གནས་ཁ་ཁར་ཡོད་པ་དང་། གཏམ་བཤད་གཉིས་ཀྱི་ནང་དུ་སྲིད་འཛིན་ཊི་རུམ་ཕིའི་མིང་གཅིག་ཀྱང་བཏོན་མེད་ལ། ད་ལྟའི་བར་དུ་སྲིད་འཛིན་ཊི་རུམ་ཕིས་ཁོང་རྣམ་གཉིས་ལ་ལན་འདེབས་གང་ཡང་གནང་མེད་པ་རེད།  སྲིད་འཛིན་ཊི་རུམ་ཕི་ནི་ཁོང་རྣམ་གཉིས་དང་ལངས་ཕྱོགས་འགལ་ཟླ་ཡོད་མཁན་ཞིག་ཡིན་འདུག

བྱང་ཨ་རིའི་བྷི་བྷི་སིའི་གསར་འགོད་པ་ཨན་ཐོ་ནེ་རྫུ་ཆཱར་(Anthony Zurcher)ལགས་ཀྱིས།  ཨ་རིའི་སྲིད་འཛིན་ཟུར་བ་རྣམས་ཀྱི་ལས་ཡུན་རྫོགས་རྗེས་ཆབ་སྲིད་ཀྱི་སྡིངས་ཆའི་སྒང་ཡོང་གི་མེད་པ་དང་། ལྷག་པར་དུ་སྲིད་འཛིན་ཟུར་པ་ཞིག་གིས་རང་ཉིད་ཀྱི་རྗེས་མཇུག་པར་སྐྱོན་བརྗོད་བྱེད་དགོས་བྱུང་ཚེ། ཡུན་རིང་བསམ་གཞིགས་བྱས་ཤིང་ཨ་རིའི་གནས་བབ་ཧ་ཅང་སྐྱོ་བོ་ཡིན་པར་ཐུགས་ཚབས་བྱེད་ཀྱི་ཡོད་པ་མཚོན་ཐུབ་ཅེས་དང་། དེ་སྔོན་རྡོ་ལ་བརྐོས་པ་ལྟ་བུའི་ཨ་རིའི་ཆབ་སྲིད་ཀྱི་རིན་ཐང་དེ་ད་ལྟའི་ཆབ་སྲིད་ཀྱི་ཁོར་ཡུག་ནང་ཉམས་ཚར་ཡོད།  ཅེས་སོགས་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྤྱིན་པ།

བསྐྱར་བཅོས།: ༢༠༡༧/༡༠/༢༠

Leave a Reply

One thought on “ཨ་རིའི་སྲིད་འཛིན་ཟུར་པ་གཉིས་ཀྱི་ཐུགས་ཚབས།

  1. གཞུང་པ་ཚེ་དབང་བསོད་ནམས་ཡ

    ཧཧཧ་དབང་ཆ་ཡོད་དུས་མ་འཇོན་།
    ད་ག་རེ་བཤད་རྒྱུ་ཡོད་།
    ཧཧཧ་རང་གི་མ་འཇོན་།
    མི་གི་བྱེད་དུས་མིག་ཚ་།
    འཛམ་གླིང་དམག་ཆེན་གསུམ་པ་ལངས་ན་དེའི་འགན་དེ་ཨ་རི་དང་བྱང་ཀོ་རི་ཡའི་ལེན་དགོས་ཧཧཧ།