རྒྱ་ནག་གི་སྐབས་གསར་པའི་འགོ་ཁྲིད་མི་སྣ།

                                                                                                                                   ཟླ་བ་བཀྲ་ཤིས། རྡ་ས།རྒྱ་ནག་ཏང་གི་རྒྱལ་ཡོངས་ཚོགས་ཆེན་བཅུ་དགུ་པ་འགོ་འཛུགས་ཟིན།  ཚོགས་འདུ་འདི་ནི་རྒྱ་ནག་གི་གལ་གནད་ཤིན་ཏུ་ཆེ་བའི་ཚོགས་འདུ་ཞིག་ཡིན་པ་མ་ཟད།  ཚོགས་ཆེན་ཐོག་ཞི་ཅིང་ཕིང་གིས་འདས་པའི་ལོ་ངོ་ལྔ་ཡི་ནང་སྲིད་བསྐྱངས་པའི་ལས་དོན་ལ་ཕྱོགས་བསྡོམས་བྱས་པ་མ་ཟད།  མ་འོངས་པའི་ལོ་ལྔ་ཚན་གཅིག་གི་སྤྱིའི་འཆར་འགོད་ཀྱང་བཏིང་ཡོད།  ད་ལྟ་སྐྱེ་བོ་ཀུན་གྱིས་ཤེས་པར་འདོད་པའི་གནད་དོན་གལ་ཆེ་ཤོས་ནི།  སྐབས་གསར་པའི་དབུས་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་མི་ཇི་ཙམ་སླེབས་མིན་དང། སུ་དང་སུ་སླེབས་མིན། ལྷག་པར་དུ་ཞི་ཅིང་ཕིང་གི་ལག་པ་གཡས་པར་ངོས་འཛིན་བྱེད་པའི་དབུས་སྒྲིག་བཤེར་ལྷན་ཁང་གི་ཧྲུའུ་ཅི་ཝང་ཆི་ཧྲན་མུ་མཐུད་ནས་ལས་གནས་རྒྱུན་འཛིན་བྱེད་མིན་བཅས་རེད།  གནད་དོན་འདི་དག་གི་ཐད་རྒྱ་ནག་གི་གནད་དོན་ལ་དོ་སྣང་བྱེད་མཁན་ཚོས་བསམ་ཚུལ་དང་ལྟ་ཚུལ་མི་འདྲ་བ་སྣ་ཚོགས་ཡོད་པ་མ་ཟད་བགྲོ་གླེང་ཡང་ཚ་ཚ་འུར་འུར་རེད།  ཡང་སྙིང་སུ་དང་སུ་ཞིག་སླེབས་མིན་དང་ཝང་ཆི་ཧྲན་དགོངས་ཞུ་བྱེད་མིན་ནི། སྐབས་གསར་པའི་འགོ་ཁྲིད་ཚོས་རྒྱལ་སྤྱིའི་གསར་འགོད་པའི་མདུན་ལ་དངོས་སུ་ཐོན་པའི་སྐབས་མ་གཏོགས་སུས་ཀྱང་ཚིག་ཐག་བཅད་མི་ཐུབ།

ཡིན་ནའང་།   ང་རང་གིས་ད་བར་རྒྱ་ནག་གི་ཐོག་ལ་དོ་སྣང་དང་ཉམས་ཞིབ་བྱས་པའི་ལྟ་ཚུལ་ཐོག་ནས་བཤད་ན།  ཝང་ཆི་ཧྲན་གྱིས་མུ་མཐུད་ནས་ལས་གནས་རྒྱུན་འཛིན་བྱེད་མི་སྲིད།  དེའི་རྒྱུ་མཚན་ནི་ཕྱོགས་གཅིག་ནས་ལོ་ན་ ༦༨ ཡན་ལས་གནས་མུ་མཐུད་རྒྱུན་འཛིན་མི་ཆོག་པའི་ལམ་སྲོལ་ཞིག་ཡོད་པར་བརྟེན།   ཝང་ཆི་ཧྲན་མུ་མཐུད་ནས་བསྡད་ཚེ་རྒྱུན་ལས་གཞན་དག་ཚོས་ཀྱང་དེ་དང་གཅིག་མཚུངས་ཀྱི་བསམ་འཆར་དང་ཐོབ་ཐང་རྩོད་ངེས་ཡིན་པ་དང་།  ཕྱོགས་གཞན་ཞིག་ནི་མ་འོངས་པའི་རྒྱུན་འཛིན་གདམ་གསེས་དང་ཉམས་མྱོང་གསོག་འཇོག་བྱེད་པའི་ལམ་སྲོལ་ལ་གནོད་སྐྱོན་འོང་གི་ཡོད།  སྤྱི་ལོ་ ༢༠༠༢ ལོའི་རྒྱལ་ཡོངས་ཚོགས་ཆེན་བཅུ་དྲུག་པ་སྐོང་འཚོགས་བྱ་རྒྱུའི་སྔ་ནུབ་ལ་ཅང་ཙེ་མིན་གྱིས་མུ་མཐུད་ནས་ལས་གནས་བཟུང་རྒྱུའམ་ཡང་ན་དབང་ཆ་རྩིས་སྤྲོད་བྱ་རྒྱུའི་དུས་ཚོད་ནར་འགྱངས་བྱེད་གང་ཐུབ་བྱས་པར་བརྟེན།  སྐབས་དེར་སྲིད་བློན་ལས་ཐོག་ཀྲའུ་རུང་ཅི་དང་མི་དམངས་འཐུས་ཚོགས་ཀྱི་ཨུ་ཡོན་ཀྲང་ལི་ཧྥང་གིས་ཀྱང་དེ་དང་གཅིག་མཚུངས་ཀྱིས་སོ་སོའི་དབང་ཆ་བཟུང་རྒྱུའི་རྩོད་པ་བརྒྱབས་པ་མ་ཟད།  སྲིད་བློན་ཟུར་པ་ཀྲུའུ་རུང་ཅི་ཡིས་ཚང་མས་སོ་སོའི་ལས་གནས་དུས་ཐོག་ཏུ་མི་རབས་གསར་པར་རྩིས་སྤྲོད་བྱེད་དགོས་པ་མ་ཟད། དུས་དེ་ནས་བཟུང་དབང་ཆའི་ཁྱབ་ཁོངས་གང་གི་ནང་དུའང་ཐེ་ཇུས་གཏན་ནས་བྱེད་མི་ཆོག་ལ། ང་རང་ཡང་ལས་འཁྱུར་བྱས་རྗེས་མི་སེར་དཀྱུས་མ་བྱས་ཏེ་བསྡད་འདོད་ཡོད་ཅེས་མདུང་རྩེ་ཅང་ཙེ་མིན་ལ་གཏད། མཐར་ཅང་ཙེ་མིན་བྱ་རྒྱུ་གང་ཡང་མེད་པར་མ་འདོད་བཞིན་དུ་ཧུའུ་ཅིན་ཐའོ་ལ་རྩིས་སྤྲོད་བྱ་དགོས་བྱུང་ཡོད།

ད་ལྟའི་གནས་སྟངས་ལ་བལྟས་ན།  ད་ཡོད་དབུས་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་མི་བདུན་ཡོད་པའི་ཁྲོད་ནས་མི་ལྔ་རྒན་ཡོན་དུ་འགྲོ་རྒྱུ་ཡིན་པ་དང་།  སྲིད་འཛིན་ཞི་ཅིང་ཕིང་དང་སྲིད་བློན་ལི་ཁཱ་ཆང་གཉིས་མུ་མཐུད་ནས་ལས་གནས་རྒྱུན་འཛིན་བྱ་རྒྱུ་མ་ཟད།  དེའི་ཚབ་ཏུ་ད་ལྟའི་ཀོང་ཏུང་ཞིང་ཆེན་དམར་ཤོག་དྲུང་ཆེ་ཧུའུ་ཁྲུན་ཧྭ་དང། ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུ་ཅི་ཧང་ཀྲན།  ཁྲུང་ཆིང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཁྲན་མིན་འར་།  ཀྲུང་དབྱང་གཞུང་ལས་ཁང་གི་ཀྲུའུ་རིན་རླིས་ཀྲན་ཧྲུའུ།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་གཞོན་པ་ཝང་ཡང་བཅས་མི་ལྔ་གསར་དུ་བསྐོ་བཞག་བྱེད་སྲིད།  གོང་གསལ་མི་སྣ་གསར་པ་ལྔ་ཡི་ཁྲོད་ནས་ད་ལྟའི་ཀོང་ཏུང་ཞིང་ཆེན་དམར་ཤོག་གི་དྲུང་ཆེ་ཧུའུ་ཁྲུན་ཧྭ་ནི་བོད་ཀྱི་ལས་དོན་ཐད་རྒྱུས་མངའ་ཆེ་ཤོས་དང་ཉམས་མྱོང་མང་ཤོས་ཞིག་ཡིན་པ་མ་ཟད།  དེ་སྔ་སྲིད་འཛིན་ཟུར་པ་ཧུའུ་ཅིན་ཐའོ་ཡིས་རེ་བ་ཆེན་པོ་བཅངས་ནས་གསོ་སྐྱོང་བྱས་པ་ཞིག་རེད།  ཧུའུ་ཁྲུན་ཧྭ་བོད་ལ་ལོ་ངོ་ཉི་ཤུ་ཙམ་བསྡད་པ་དང་།  དེ་རྗེས་ནང་སོག་རང་སྐྱོང་ལྗོངས་ཀྱི་ཏང་ཨུད་ཀྱི་ཧྲུའུ་ཅིའི་འགན་འཁུར་བ་དང་།  སྤྱི་ལོ་ ༢༠༡༢  ལོ་ནས་བཟུང་རྒྱ་ནག་གི་དཔལ་འབྱོར་ཕྱུག་ཤོས་ཡིན་པའི་ཀོང་ཏུང་ཞིང་ཆེན་གྱི་ཏང་ཨུད་ཀྱི་ཧྲུའུ་ཅིའི་འགན་འཁུར་བ་རེད།  སྤྱི་ལོ་ ༡༩༨༣ ལོར་ཧུའུ་ཁྲུན་ཧྭ་པེ་ཅིང་སློབ་གྲྭ་ཆེན་མོའི་སྐད་ཡིག་ཚན་ཁག་ནས་སློབ་མཐར་ཕྱིན་རྗེས་རང་འགུལ་གྱི་ཐོག་ནས་གོང་རིམ་འབྲེལ་ཡོད་ལས་ཁུངས་ལ་བོད་ལ་འགྲོ་འདོད་ཡོད་པའི་སྙན་ཞུ་བཏང་བ་དང་།  པེ་ཅིང་སློབ་ཆེན་དུ་སྡོད་རིང་དུས་ཚོད་སྟོང་པ་ནམ་ཡོད་པའི་སྐབས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་སོགས་སུ་བསྐྱོད་ནས་བོད་སྐད་དང་བོད་ཡིག་སློབ་སྦྱོང་བྱ་འགོ་བརྩམས་ནས་བོད་ལ་འགྲོ་རྒྱུའི་བསམ་བློའི་ཐོག་གི་གྲ་སྒྲིག་ནན་པོ་བྱས་ཡོད་པར་བལྟས་ན། ཧུའུ་ཁྲུན་ཧྭ་ནི་ཆུང་དུས་ནས་དམིགས་ཡུལ་དང་ཕུགས་བསམ་ཆེན་པོ་བཅངས་མཁན་ཞིག་ཡིན་ཚོད་འདུག དེའི་རྗེས་བོད་ལ་སླེབས་ནས་ཞར་དང་ཞོར་དུ་མུ་མཐུད་ནས་བོད་སྐད་དང་བོད་ཡིག་སློབ་སྦྱོང་བྱས་པ་མ་ཟད། བོད་ཀྱི་གཞས་དང་ཞབས་བྲོ་སོགས་ཀྱང་ཤེས་ཀྱི་ཡོད་པར་གྲགས། ལོ་ནའི་བབ་ལ་བལྟས་ན་ཧུའུ་ཁྲུན་ཧྭ་ནི་ད་ལྟ་རང་ལོ་ ༥༤ ལ་སླེབས་ཙམ་ཡིན་པ་དང་མ་འོངས་པར་ཞི་ཅིང་ཕིང་གི་རྒྱུན་འཛིན་པ་བྱ་རྒྱུའི་རེ་བ་ཆེན་པོ་ཡོད།

དེའི་རྗེས་བསམ་བློ་གུ་ཡངས་ཡིན་པར་ངོས་འཛིན་བྱེད་པའི་མི་སྣ་གཞན་ཞིག་ནི་ད་ལྟའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་གཞོན་པ་ཝང་ཡང་ཡིན་པ་དང།  དེ་སྔ་སྤྱི་ལོ་ ༢༠༠༨ ལོར་བོད་ནང་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱེན་ལངས་དང་སྤྱི་ལོ་ ༢༠༠༩ ལོར་ཤིང་ཅང་ནང་ངོ་རྒོལ་བྱུང་རྗེས་ཁོ་པས་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ལ་འཛིན་པའི་སྲིད་ཇུས་ལ་འགྱུར་བ་གཏོང་དགོས་པའི་གཏམ་བཤད་ཤུགས་ཆེན་བྱས་ཡོད། སྐབས་དེ་དུས་ཝང་ཡང་ནི་ཀོང་ཏུ་ཞིང་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་དང་རྒྱ་ནག་དབུས་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཡིན་པ་དང་། དེའི་རྗེས་ཝང་ཡང་རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁབ་ཁང་གི་སྲིད་བློན་གཞོན་པར་གནས་སྤར་བྱས་པ་རེད།  དེ་མིན་ད་ལྟའི་ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཧང་ཀྲན་ནི་མི་ཚེའི་ནང་གི་ལས་དོན་མང་ཆེ་བ་ཧྲང་ཧའེ་གྲོང་ཁྱེར་དུ་ལས་ཀ་བྱས་ནས་བསྡད་པ་མ་གཏོགས་བོད་ཀྱི་ལས་དོན་སོགས་ཀྱི་ཐད་རྒྱུས་མངའ་དང་ཤེས་རྟོགས་གང་ཡང་མེད།  དེ་མིན་མི་སྣ་གཞན་གཉིས་པོ་ནི་ཁྲུང་ཆིང་གྲོང་ཨུད་ཀྱི་ཧྲའུ་ཅི་ཁྲན་འར་མི་དང་ཀྲུང་དབྱང་གཞུང་ལས་ཁང་གི་ཀྲུའུ་རིན་རླིས་ཀྲན་ཧྲུའུ་གཉིས་རེད། མི་སྣ་དེ་གཉིས་ནི་སྲིད་འཛིན་ཞི་ཅིང་ཕིང་དང་སེམས་ཐག་ཉེ་བའི་གྲོགས་པོ་ལྟ་བུའི་འདུ་ཤེས་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༧/༡༠/༢༡

Leave a Reply to Lobsang Tsultrim Cancel Reply

2 thoughts on “རྒྱ་ནག་གི་སྐབས་གསར་པའི་འགོ་ཁྲིད་མི་སྣ།

  1. སུ་སླེབས་ན་ཡང་། བདེན་མཐའ་གསལ་བའི་རེ་བ་ཉིན་སྐར་ཙམ། སུ་སླེབས་མིན་བསམ་འཆར་ཤོད་བཞིན་པ་ནི། གསར་འགོད་པས་གནས་ཚུལ་ཚ་པོ་ཡོང་ཐབས་ཤིག་ལས། ང་ཚོར་ཁྱད་མེད་ཡིན།

  2. གཞུང་པ་ཚེ་དབང་བསོད་ནམས་ཡ

    རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་གྲལ་རིམ་དམངས་གཙོ་ཡིན་པ་དང་རྒྱ་ནག་གི་འགོ་འཁྲིད་ལ་འགྱུར་བ་ཇི་ཙམ་ཕྱིན་ཀྱང་གྲལ་རིམ་དམངས་གཙོའི་ལྟ་བ་ལ་ནམ་ཡང་འགྱུར་བ་འགྲོ་མི་ཐུབ་པ་ནས་ང་ཚོ་རེ་བ་ནི་རེ་བའི་ནང་དུ་ལྷག་སྲིད་པ་མ་རེད་དམ་།