དགའ་བསུའི་ཐལ་མོ་རྡེབ་བྱེད་ཀྱི་མཉེན་ཆས་བཟོས།

རྒྱ་ནག་གི་སྤྱི་ཚོགས་དྲ་རྒྱའི་བཟོ་ལས་ཁང་ཞིག་གིས་དམར་ཤོག་ཚོགས་ཆེན་༡༩ པ་དང་བསྟུན་ཞི་ཅིན་ཕིན་གྱི་གཏམ་བཤད་ལ་དགའ་བསུའི་ཐལ་མོ་རྡེབ་བྱེད་ཀྱི་མཉེན་ཆས་ཤིག་བཟོས་འདུག

རྒྱ་ནག་གི་སྤྱི་ཚོགས་དྲ་རྒྱ་བཟོ་སྐྲུན་ཁང་ཊན་སིན་ཊི་(Tencent)ཟེར་བ་ཞིག་གིས། ཐེངས་འདིའི་ཚོགས་ཆེན་དང་བསྟུན་ཆེད་དུ་ཚོགས་ཆེན་དང་ཞི་ཅིན་ཕིན་གྱི་གཏམ་བཤད་ལ་དམིགས་ནས་ཁ་བྱང་ལ་༼རླབས་ཆེཾ་བའི་གཏམ་བཤད་ཅིག༽ཅེས་པའི་ཐལ་མོ་རྡེབ་བྱེད་ཀྱི་མཉེན་ཆས་ཤིག་བཟོས་ཡོད་པ་དང་། མཉེས་ཆས་དེ་ད་ལྟ་མི་གྲངས་ས་ཡ་ ༤༠༠ ཡིས་སྤྱོད་བཞིན་ཡོད་པ་དང་ཐལ་མོ་རྡེབ་གྲངས་ཐེར་འབུམ་ ༡.༢༤ ལ་བུད་ཡོད་འདུག

བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། མཉེས་ཆས་དེ་ད་ལྟའི་ཆར་རྒྱ་ནག་ནང་ཆེས་སྤྱོད་གྲངས་མང་ཤོས་ཀྱི་མཉེས་ཆས་ཤིག་ཆགས་ཡོད་པ་དང་། མཉེན་ཆས་དེའི་ངོས་སུ་སྣོན་ཐེངས་གཅིག་ལ་ཐལ་མོ་ཐེངས་ཁ་ཤས་རྡེབ་ཀྱི་ཡོད་པ་ལས་དུས་ངེས་མེད་དུ་རྡེབ་ཐུབ་ཀྱི་མེད་པ་རེད། དཔེར་ན། ཞི་ཅིན་ཕིན་གྱི་གཏམ་བཤད་སྐབས་རྒྱ་ནག་ནང་གི་དབུལ་ཕོངས་མི་མང་གི་འཚོ་བ་ཐག་གཅོད་བྱེད་ཀྱི་ཡིན་དང་། མི་མང་གི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པ་ཞིག་ཡོང་ངེས་རེད་ཟེར་བ་ལྟ་བུ། མི་མང་གི་འཚོ་བའི་སྐོར་ལ་བཤད་སྐབས་ཐལ་མོ་ཐེངས་ཁ་ཤས་ལ་རྡེབ་ཆོག་གི་ཡོད་སྟབས། ཞི་ཅིན་ཕིན་གྱི་གཏམ་བཤད་སྐབས་མཉེན་ཆས་སྤྱོད་མཁན་ཚོས་ཕན་ཚུན་ཐལ་མོ་རྡེབ་གྲངས་འགྲན་སྡུར་དང་ཁུག་དམར་རྒྱན་འཇོག་སོགས་བྱས་ཏེ་མཉེན་ཆས་བཟོ་མཁན་གྱི་དམིགས་འབེན་ལས་ཡོངས་སུ་བརྒལ་ཡོད་འདུག

རྒྱལ་སྤྱིའི་རྒྱུད་ལམ་ཁག་ཏུ། མཉེན་ཆས་དེ་ནི་རྒྱ་ནག་གིས་ཆེད་དུ་མི་མང་ལ་མགོ་སྐོར་གཏོང་བྱེད་ཀྱི་ཆབ་སྲིད་ཅིག་ཡིན་པ་དང་། རྒྱ་ནག་ནང་དེ་སྔོན་ནས་ཕྱི་ལོག་གི་སྤྱི་ཚོགས་དྲ་རྒྱ་མང་པོ་བཀག་ཡོད་པ་དང་། ཚོགས་ཆེན་ཚོགས་ལ་ཉེ་སྐབས་ནས་རྒྱ་ནག་ནང་ཁུལ་གྱི་སྤྱི་ཚོགས་དྲ་རྒྱ་ཁག་ལ་སྔར་ལས་དམ་དྲག་ཆེ་རུ་ཕྱིན་ཏེ། མི་མང་འགུལ་སྐྱོད་བརྒྱབ་ས་མེད་པ་བཟོས་ཡོད་སྟབས། ད་ཐེངས་ཀྱི་མཉེན་ཆས་འདི་ནི་མི་མང་གིས་ཚོགས་ཆེན་སྐབས་སུ་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་གང་བྱུང་མི་སྤེལ་བའི་བློ་ཁ་འགུག་ཐབས་ཤིག་ཆགས་ཡོད་སྐོར་བརྗོད་ཀྱི་འདུག

རྒྱ་ནག་ནང་རྒྱལ་སྤྱིར་ཁྱབ་པའི་སྤྱི་ཚོགས་བརྒྱུད་ལམ་མང་པོ་ཞིག་བཀག་ཡོད་ན་ཡང་། རྒྱ་ནག་རང་གིས་བཟོས་པའི་དམར་ཤོག་ཚོགས་པ་དང་ཏང་ལ་སློབ་སྦྱོང་བྱེད་པའི་མཉེན་ཆས་༢༠༠ ལྷག་ཅིག་བཟོས་ཏེ་བཀྲམ་གྱི་ཡོད་པ་དང་། དེ་དག་མང་པོ་ཞིག་ལ་ཡུན་རིང་ལྟ་ཉན་དང་བེད་སྤྱོད་བྱས་ན་ཁུག་དམར་རག་གི་ཡོད་འདུག

དམར་ཤོག་དྲིལ་བསྒྲགས་ཀྱི་མཉེན་ཆས་དེ་དག་མང་ཆེ་བ་ཞིག་(Tencent) ཞེས་པའི་བཟོ་གྲྭ་དེས་བཟོས་པ་ཡིན་འདུག་ལ། བཟོ་གྲྭ་དེ་ནི་རྒྱ་ནག་ནང་ཁྱབ་ཆེ་བའི་སྐད་འཕྲིན་བཟོ་མཁན་ཡིན་ལ།  དམར་ཤོག་ཚོགས་ཆེན་མ་གྲོལ་བར་དུ་རྒྱ་ནག་ནང་ལོག་ནས་བཟོས་པའི་སྐད་འཕྲིན་གྱི་མིང་དང་པར་སོགས་རྩ་བའི་སྤྱོད་སྒོ་མང་པོ་ཞིག་བཀག་འགོག་བྱས་ཏེ་བཟོ་བཅོས་བྱེད་མི་ཐུབ་པ་བཟོས་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༡༠/༢༡

Leave a Reply

One thought on “དགའ་བསུའི་ཐལ་མོ་རྡེབ་བྱེད་ཀྱི་མཉེན་ཆས་བཟོས།

  1. སྒེར་གཅོད་ནི་དངོས་ནས་སྒེར་གཅོད་རེད། ད་ནི་རྒྱ་ནག་གིས་དུས་རབས་དང་མཐུན་པའི་བཀག་སྡོམ་ལས་ཀ་བྱེད་མགོ་ཚུགས་འདུག