བུད་མེད་མང་པོར་བཙན་རྒོལ་བྱས་ཏེ་སྐྲ་གཏུབ་ཀྱི་འདུག

ཇམ་མུ་ཀཱ་ཤི་མེར་སོགས་ཀྱི་ནང་བུད་མེད་མང་པོར་བཙན་རྒོལ་ཐེབས་ཏེ་སྐྲགཏུབས་པའི་གནད་དོན་རིམ་པར་འབྱུང་བཞིན་ཡོད་པས་ཉེན་རྟོག་ཕྱོགས་ནས་ཉེས་ཅན་རྩིས་སྤྲོད་བྱས་ན་ཧིན་སྒོར་འབུམ་ ༦ གི་བྱ་དགའ་སྤྲོད་རྒྱུ་ཡིན་སྐོར་བསྒྲགས་འདུག

དབྱིན་ཇིའི་རང་དབང་གསར་ཁང་(Independent)གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་བའི་ཟླ་གཅིག་ལྷག་གི་རིང་རྒྱ་གར་བྱང་ཕྱོགས་མངའ་སྡེ་ཤི་མེར་ནང་དུ། བུད་མེད་ ༢༠༠ ལྷག་ལ་གློ་བུར་བཙན་རྒོལ་བྱས་ཏེ་སྐྲ་གཅོད་གཏུབ་བྱས་པའི་གནད་དོན་བྱུང་ཡོད་པ་དང་། ད་ལྟའི་ཆར་ས་གནས་ཉེན་རྟོག་པས་བཙན་རྒོལ་བྱེད་མཁན་དེ་ཚོགས་པ་སྒྲིག་འཛུགས་ཤིག་གམ་ཡང་ན། མི་སྒེར་གང་ཡིན་ཤེས་རྟོགས་ཐུབ་ཀྱི་མེད་ཀྱང་། ས་གནས་ཉེན་རྟོག་པས་ཞིབ་འཇུག་བྱས་པ་ལྟར་ན། ཀཱ་ཤི་མེར་ནང་གི་བུད་མེད་མང་ཆེ་བས་སྐྲ་ལྷས་(Braid)ཏེ་འཇོག་གི་ཡོད་སྟབས། བཙན་རྒོལ་བྱེད་མཁན་ཚོས་སྐྲ་ལྷས་པའི་བུད་མེད་རྣམས་དམིགས་འབེན་དུ་འཛིན་གྱི་ཡོད་སྐོར་བརྗོད་དེ། དོགས་ཡོད་ཉེས་ཅན་རྩིས་སྤྲོད་བྱས་ན་ཧིན་སྒོར་འབུམ་ ༦ གི་བྱ་དགའ་སྤྲོད་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་རེད།

ཇམ་མུ་ཀཱ་ཤི་མིར་གྱི་གྲོང་ཁྱེར་ཆེ་ཤོས་སི་རེ་ནཱ་གྷར་(Srinagar)ནང་གནས་སྡོད་ཤཱ་ཁེ་ལཱ་སཱ་ཇཱ་ཌི་(Shaqeela Sajad)ཟེར་བའི་བུད་མེད་ཅིག་གིས། ངས་ཁང་པའི་ཕྱི་རོལ་གཙང་བཟོ་བྱེད་བཞིན་པའི་སྐབས་སུ། གདོང་འབག་གྱོན་པའི་མི་ཞིག་གིས་ང་ལ་བཙན་རྒོལ་བྱས་ཏེ་ངའི་གདོང་ལ་རས་ཤིག་བཀབ་སྟེ་དྲན་མེད་དུ་གྱུར་ཡོད་པ་དང་། སྐབས་དེར་ང་ལ་བྱིས་པ་སྐྱེས་རྒྱུ་ཡོད། ཕྱིར་དྲན་པ་གསོས་སྐབས་ང་སྨན་ཁང་དུ་ཡོད་པ་མ་ཟད། ངའི་སྐྲ་ཡང་གཏུབས་ཚར་ཡོད་པ་ཤེས་བྱུང་། ཞེས་བརྗོད་འདུག

གནས་ཚུལ་བསྟུད་མར་འབྱུང་བཞིན་ཡོད་པར་བརྟེན། ས་གནས་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་གིས་ས་གནས་གཞུང་ལ་ངོ་རྒོལ་བྱས་ཏེ། ཉེས་ཅན་པའི་ཚོགས་སྡེ་དེ་རྩ་གཏོར་བྱེད་དགོས་པའི་རེ་འདུན་བཏོན་ཡོད་པ་མ་ཟད། བདུན་འདིའི་ནང་གྲོང་ཁྱེར་སི་རེ་ནཱ་གྷར་ནང་མི་མང་དང་། གཞུང་གི་བདེ་སྲུང་དམག་མིའི་བར་ཟིང་འཁྲུག་བྱུང་སྟེ། གྲོང་ཁྱེར་དེའི་ཚོང་ཁང་དང་། སློབ་གྲྭ་ཁག་སྒོ་བརྒྱབས་དགོས་འཁེལ་ཡོད་འདུག

སྤྱི་ཚོགས་དཔྱད་བརྗོད་པ་ཁག་ཅིག་གིས། བཙན་རྒོལ་གྱིས་བུད་མེད་ཀྱི་སྐྲ་གཅོད་གཏུབ་བྱེད་པའི་རྒྱབ་ལྗོངས་དམིགས་ཡུལ་ནི། ཀཱ་ཤི་མེར་གྱིས་ཕྱི་ལོ་ ༡༩༨༩ ལོར་རྒྱ་གར་དང་པཱ་ཀི་སི་ཐན་འོག་ནས་རང་བཙན་བརྩད་པའི་ཆབ་སྲིད་དང་འབྲེལ་ཡོད་ཆགས་ཡོད་སྐོར་བརྗོད་ཡོད་པ་དང་།   ཡང་ཀཱ་ཤི་མེར་གྱི་རང་བཙན་འཐབ་རྩོད་པའི་མགོ་ཁྲིད་འགས། བུད་མེད་ཀྱི་སྐྲ་གཅོད་གཏུབ་བྱེད་པ་ནི་རྒྱ་གར་དབུས་གཞུང་གིས་ཀཱ་ཤི་མེར་གྱི་རང་བཙན་རྩོད་པའི་ལས་འགུལ་མཚམས་འཇོག་བྱེད་ཐབས་ཀྱི་གཡོ་ཇུས་ཤིག་ཡིན་སྐོར་བརྗོད་ཡོད་འདུག

ད་ལོ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གཙོས་པའི་མངའ་སྡེ་ཁག་མང་པོའི་ནང་བུད་མེད་ཀྱི་སྐྲ་གཅོད་གཏུབ་བྱས་པའི་བཙན་རྒོལ་གྱོད་དོན་ཞུ་གཏུགས་ཀྱི་གྲངས་འབོར་ ༡༠༠ ལྷག་བྱུང་ཡོད་པ་དང་། ཀཱ་ཤི་མེར་ནང་བུད་མེད་མང་པོས་རྒྱལ་སྤྱིའི་སྤྱི་ཚོགས་དང་། མངའ་སྡེ་གཞུང་ལ་འབོད་སྐུལ་ཞུས་ཏེ་བུད་མེད་ལ་བཙན་རྒོལ་བྱེད་མཚམས་འཇོག་དགོས་པའི་སྐད་འབོད་བརྒྱབ་བཞིན་ཡོད་འདུག

གསར་འགོད་པ། སྐལ་བཟང་སྤྱིན་པ།

བསྐྱར་བཅོས།: ༢༠༡༧/༡༠/༢༡

Leave a Reply