སྐབས་དང་པོའི་བོད་ཀྱི་མཛངས་པ་འགྲན་སྡུར་ནང་འགྲན་ཞུགས་པ་ལྔ་འདུག

བོད་ཀྱི་མཛངས་པ་འགྲན་སྡུར་གོ་སྒྲིག་པ་བསྟན་འཛིན་བཀྲ་ཤིས་ཀྱིས་མཛངས་པའི་རྒྱལ་ཁ་ཐོབ་མཁན་གྱིས་རྒྱལ་སྤྱིའི་མཛངས་པའི་འགྲན་སྡུར་ཁྲོད་བོད་ཀྱི་འཐུས་མི་བྱས་ཏེ་མཉམ་ཞུགས་ཐུབ་ཐབས་བྱ་རྒྱུ་ཡིན་སྐོར་བརྗོད་སོང་།
དེ་རིང་ཕྱི་དྲོའི་ཆུ་ཚོད་ ༣།༤༥ སྟེང་དྷ་ས་མེག་གྷན་གྱི་ནོར་བུའི་མགྲོན་ཁང་དུ། སྐབས་དང་པོའི་བོད་ཀྱི་མཛངས་པ་འགྲན་སྡུར་ཁྲོད་མཉམ་ཞུགས་བྱེད་མཁན་འགྲན་རྩོད་པ་ལྔ་ངོ་སྤྲོད་ཀྱི་གསར་འགོད་གསལ་བསྒྲགས་ཤིག་བྱས་སོང་བ་དང་། ཟླ་འདིའི་ཕྱི་ཚེས་ ༢༥ ནས་ ༢༧ སྟེ་ཉིན་གྲངས་གསུམ་གྱི་རིང་དགོང་དྲོ་བོད་ཀྱི་ཟློས་གར་ཁང་དུ་འགྲན་ཞུགས་པ་ཕན་ཚུན་བར་འགྲན་རྩོད་གནང་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༢༨ ཉིན་རྟིང་རྩོད་འགྲན་སྡུར་བྱ་རྒྱུ་ཡིན་འདུག

ཐེངས་འདིའི་འགྲན་ཞུགས་པ་ལྔ་སྟེ། ཀརྨ་མཐུ་སྟོབས་ལགས་ནི་རྒྱ་གར་ཧི་མ་ཅལ་གཞིས་ཆགས་སྦིར་དུ་སྐྱེས་ཤིང་དཱལ་ཧོར་བོད་ཀྱི་གཏན་སློབ་ནས་འཛིན་རིམ་བཅུ་གཉིས་མཐར་ཕྱིན་ཏེ། ད་ལྟ་སྦིར་གཞིས་ཆགས་ཀྱི་ལུས་རྩལ་སྦྱོང་བརྡར་ཁང་གི་སློབ་སྟོན་པ་བྱེད་ཀྱི་ཡོད་འདུག

ཚེ་རིང་ཆོས་འཕེལ་ལགས་ནི་རྒྱལ་ས་ལྡི་ལིར་སྐྱེས་ཤིང་འཛིན་རིམ་བཅུ་གཉིས་བར་བལ་ཡུལ་པོག་རཱར་སློབ་གཉེར་བྱས་ཡོད་པ་དང་། ད་ལྟ་གྲོང་ཁྱེར་སྦེང་ལོར་དུ་ལུས་རྩལ་སྦྱོང་བརྡར་ཁང་ཞིག་གི་སློབ་སྟོན་པ་དང་བོད་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་གི་རྩེད་འགྲན་པ་ཞིག་ཡིན་འདུག

བློ་བཟང་ཆོས་འཕེལ་ལགས་ནི་བོད་དུ་སྐྱེས་ཤིང་རང་ལོ་བརྒྱད་ཀྱི་སྟེང་རྒྱ་གར་དུ་བཙན་བྱོལ་ལ་སླེབས་ཏེ་སྦེལ་ཀོབ་བོད་ཁྱིམ་ནས་སློབ་མཐར་ཕྱིན་ཡོད་པ་དང་། རྗེས་སུ་བག་ལེབ་བཟོ་རྩལ་(Bakery)རིག་པའི་ཐོག་སློབ་གཉེར་བྱས་ཏེ། ད་ལྟ་དྷ་རམ་ས་ལར་སྒེར་ནས་བག་ལེབ་བཙོང་བཞིན་ཡོད་འདུག

ཉི་མ་ལགས་ནི་བོད་དུ་སྐྱེས་ཤིང་རྗེས་སུ་རྒྱ་གར་དུ་བཙན་བྱོལ་ལ་སླེབས་ཡོད་པ་དང་། ད་ལྟ་སྦེང་ལོར་གྲོང་ཁྱེར་དུ་ཁྲིམས་ལུགས་རིག་པའི་སྐོར་མཐོ་སློབ་ཀྱི་ལོ་རིམ་གསུམ་པར་འགྲོ་བཞིན་ཡོད་པ་མ་ཟད། ཁོང་གིས་སློབ་གཉེར་བྱེད་ཞོར་དུ་རྒྱལ་སྤྱིའི་བོད་ཀྱི་མཐོ་རིམ་སློབ་མའི་ལྷན་ཚོགས་གསར་འཛུགས་དང་། ད་ལྟ་ཚོགས་པ་དེའི་ཚོགས་གཙོའི་ལས་འགན་ཡང་འཁུར་བཞིན་ཡོད་འདུག

བསྟན་འཛིན་བློ་ལྡན་ལགས་ནི་རྒྱ་གར་ལྷོ་ཕྱོགས་ཧུན་སོར་གཞིས་ཆགས་སུ་སྐྱེས་ཤིང་སྦེལ་ཀོབ་བོད་ཕྲུག་ཁྱིམ་སྡེ་ནས་འཛིན་རིམ་བཅུ་གཉིས་མཐར་སོན་ཡོད་པ་དང་། ད་ལྟ་རྒྱ་གར་བྱང་ཤར་གྱི་གྲོང་ཁྱེར་ཤི་ལོང་ནས་གནམ་གྲུའི་ཞབས་ཞུའི་སྐོར་ལ་སློབ་གཉེར་བྱེད་མུས་ཡིན་འདུག

བོད་ཀྱི་མཛངས་པ་འགྲན་སྡུར་གོ་སྒྲིག་པ་བསྟན་འཛིན་བཀྲ་ཤིས་ལགས་ཀྱིས་འགྲན་སྡུར་འདི་གོ་སྒྲིག་ཞུས་པའི་དམིགས་ཡུལ་སྐོར་ལ་ཁོང་གིས། ང་ཚོ་བོད་ཀྱི་སྤྱི་ཚོགས་ནང་གཞོན་སྐྱེས་མང་པོ་ཞིག་ལ་གློ་ནད་ཀྲི་བི་ན་ཡི་ཡོད་སྟབས། བོད་ཀྱི་གཞོན་སྐྱེས་ཚོའི་ཁྲོད་དུ་འཕྲོད་བསྟེན་ལ་སྔར་ལྷག་དོ་སྣང་ཡོང་བ་དང་། འགྲན་སྡུར་འདི་བརྒྱུད་བདམ་ཐོན་བྱུང་བའི་བོད་ཀྱི་མཛངས་པས་རྒྱལ་སྤྱིའི་སྡིངས་ཆ་ཁག་དང་འགྲན་སྡུར་གཞན་གྱི་ནང་བོད་ཀྱི་མིང་ངམ་འཐུས་མི་བྱས་ཏེ་མཉམ་ཞུགས་ཀྱིས་བོད་དོན་ཁྱབ་བསྒྲགས་བྱེད་ཐབས་བྱ་རྒྱུ་ཡིན་སྐོར་བརྗོད་སོང་།

བོད་ཀྱི་མཛངས་པ་འགྲན་སྡུར་ལ་དམིགས་བསལ་གྱི་ཟུར་དཔང་དུ་བྱང་ཨ་རིའི་བོད་ཀྱི་མཛངས་མ་འགྲན་སྡུར་གོ་སྒྲིག་པ་སྐུ་ཞབས་བསོད་ནམས་ལགས་དང་། རྒྱ་གར་བྱང་གི་མཛངས་པའི་རྒྱལ་ཁ་ཐོབ་མཁན་རྡོ་རྗེ་གླིང་ནས་ཡིན་པ་སྐུ་ཞབས་བསྟན་འཛིན་འཇམ་དབྱངས་ལགས། དེ་བཞིན། ཕྱི་ལོ་ ༢༠༡༥ ལོར་རྒྱལ་སྤྱིའི་མཛངས་པའི་རྒྱལ་ཁབ་ཐོབ་མཁན་པཱ་ཝན་ཤ་ཊི་(Pavan Shati)ལགས། གྱོན་གསར་འགྲེམ་སྟོན་པ་(Model)ཟུར་པ་བྷི་ཏི་ཤ་བྷིས་པོ་(Beatriz Bispo)ལགས། གཞན་ཡང་། བོད་ཀྱི་སྤྱི་ཚོགས་ཁྲོད་དུ་རྒྱུས་མངའ་ཡོད་པའི་རྒྱ་བལ་གཉིས་ཀྱི་ནང་ཡོད་པའི་བོད་ཀྱི་གླུ་བ་གླུ་མ་ཁག་ཅིག་ཀྱང་སྐད་བཏང་ཡོད་འདུག

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༡༠/༢༤

Leave a Reply

5 thoughts on “སྐབས་དང་པོའི་བོད་ཀྱི་མཛངས་པ་འགྲན་སྡུར་ནང་འགྲན་ཞུགས་པ་ལྔ་འདུག

  1. ༄༅། བོད་ལ་མཛངས་མ་ཡོད་ན་་མཛངས་པ་ལོས་ཡོད་དགོས།
    དགེ་བཤེས་པ་ཡོད་པས་་་དགེ་བཤེས་མ་དངོས་སུ་བྱུང་བ་རེད།
    བཀྲིས་བད་ལེགས་ཡོད།
    མཛངས་མ་མཛངས་པ་འཁྲུངས་ས་བསྐྱོན།
    མཛངས་ཕྲུག་ཕོ་མོ་གཉིས་ཀ་བཟོས།
    གངས་ལྗོངས་མཛངས་པ་མཛངས་མས་སྐྱོངས།
    འདི་ནི་ཕ་བཟང་མ་བཟང་ཡིན།