བུ་མོ་སྤུན་གཉིས་ཀྱིས་རི་གཟར་རྫ་ཆུ་བརྒལ་བའི་ཤེས་ཡོན་གྱི་འགྲུལ་བཞུད།

བྷི་བྷི་སི་གསར་འགོ་པ། བྷི་ཀ་སཱ་པེན་ཌེ། ཨན་ན་བྷེ་རིས་སཱ་ནིན།

ཉི་མ་ཚེ་རིང་གིས་བསྒྱུར།

རཱ་དི་ཀཱ་དང་ཡཱ་ཤོ་དཱ་གཉིས་ཀྱིས་ཤེས་ཡོན་ཆེད་སློབ་གྲྭར་ཕར་འགྲོ་ཚུར་འོང་བྱེད་པར་ཉིན་གཅིག་ལ་ཆུ་ཚོད་ ༦ འགྲུལ་བཞུད་བྱེད་ཀྱི་ཡོད་པ་དང་། ཁོང་བུ་མོ་སྤུན་གཉིས་ཧི་མ་ཡ་ལའི་རི་རྒྱུད་མཐོན་པོར་གཞིས་ཆགས་པའི་གྲོང་གསེབ་མཐའ་འཁོབ་ཅིག་ཏུ་འཚོ་གནས་བྱེད་ཀྱི་ཡོད་ཀྱང་། ཁོང་གཉིས་ལ་དེང་དུས་ཀྱི་ཤེས་ཡོན་གོ་སྐབས་ཐོབ་དགོས་པ་ནི་ཧ་ཅང་གལ་ཆེན་པོ་ཞིག་ཡིན་པས། ཉིན་ལྟར་ཁོང་གཉིས་ཀྱིས་འགྲུལ་བཞུད་ཇི་ལྟར་བྱེད་ཀྱི་ཡོད་དམ།

ཆར་དུས་ཀྱི་དཀྱིལ་ཙམ་ལ་བསླེབས་པའི་ཉི་འོད་སེར་ལམ་ལམ་གྱི་ཞོགས་པའི་ཆུ་ཚོད་ ༥ པའི་ཐོག ཡཱ་ཤོ་དཱ་དང་རཱ་དི་ཀཱ་གཉིས་ཡར་ལངས་ཏེ་ཁང་པའི་འཁྱམས་རའི་ཟུར་ཞིག་ཏུ་རང་གི་ངོ་གདོང་འཁྲུས་པ་དང་། ཞོགས་ཇའི་སྐབས་བག་ལེབ་སུ་ལ་མང་བ་རག་གི་རེད་ཟེར་ནས་གཅིག་གིས་གཅིག་ལ་ཀུ་རེ་བྱེད་ཀྱི་འདུག ཆུ་ཚོད་ཕྱེད་ཀའི་རྗེས་ཁོང་གཉིས་ཀྱིས་གོམ་པ་བརྒྱབ་སྟེ་སྲོག་ལ་ཉེན་ཁ་ཆེ་བའི་རི་སུལ་བརྒྱུད་དེ་སློབ་གྲྭར་འགྲོ་དགོས་པ་དང་། ལམ་བར་ནས་ནགས་གསེབ་སྟུག་པོ་དང་རྦ་རླབས་ཆིལ་བའི་རྫ་ཆུ་སོགས་ལ་འཕྲད་ཀྱི་ཡོད་པ་རེད།
ཁོང་གཉིས་ཀྱིས་འགྲུལ་བཞུད་མགོ་མ་འཛུགས་པའི་སྔོན་དུ་སའེ་བཱ་(Syaba)གྲོང་གསེབ་དཀྱིལ་དུ་ཡོད་པའི་ཧིན་རྡུའི་ལྷ་ཁང་གི་དྲིལ་བུ་བརྡུངས་ཏེ་སྨོན་ལམ་འདེབས་ཀྱི་འདུག བཤད་སྲོལ་ལ་ལྷ་ཁང་གི་དྲིལ་བུ་བརྡུངས་བའི་སྒྲས་སྲུང་མར་མགོན་སྐྱབས་གནང་དགོས་པའི་སྐུལ་མ་བྱེད་ཀྱི་ཡོད་ཟེར། སའེ་བཱ་གྲོང་གསེབ་ནི་རྒྱ་གར་གྱི་མངའ་སྡེ་ཨུ་ཏར་ཁཱན་(Uttarkhand)ནང་ཡོད་པ་དང་། གྲོང་གསེབ་དེར་མི་འབོར་ ༥༠༠ ཡོད་པ་རེད།

བུ་མོ་སྤུན་གཉིས་ལས་རཱ་དི་ཀཱ་ནི་ད་ལྟ་རང་ལོ་ ༡༤ དང་ཡཱ་ཤོ་དཱ་ནི་རང་ལོ་ ༡༦ ཡིན་པ་དང་། ཁོང་ཚོའི་ཁྱིམ་དུ་སྤུན་མཆེད་ ༦ ཡོད་པ་རེད། བུ་མོ་གཉིས་ཀྱིས་ཉིན་ལྟར་མཐའ་འཁོབ་ཀྱི་གྲོང་གསེབ་དེ་ནས་སློབ་གྲྭར་འགྲུལ་བཞུད་བྱེད་ཀྱི་ཡོད་པས། སློབ་གྲྭར་འགྲོ་སྐབས་ཕ་མ་གཉིས་ཀྱི་སེམས་སུ་རང་བཞིན་གྱིས་བློ་ཚབས་ཡོང་གི་ཡོད་ཀྱང་འཛུམ་མདངས་སྟོན་བཞིན་ལག་པ་གཡུག་གཡུག་བྱས་ཏེ་སྐྱེལ་མ་བྱེད་ཀྱི་ཡོད་པ་རེད།

སློབ་གྲྭར་འགྲོ་སྐབས་གནམ་གཤིས་ཡག་པོ་ཡོད་ན་ཆུ་ཚོད་གཉིས་དང་། གནམ་གཤིས་ཡག་པོ་མེད་ན་མཚམས་རེར་ཆུ་ཚོད་གསུམ་ལྷག་འགོར་གྱི་ཡོད་པས། སློབ་གྲྭར་མགྱོགས་པོ་འབྱོར་དང་མ་འབྱོར་ནི་གནམ་གཤིས་ལའང་རག་ལས་ཡོད་པ་རེད། ཁོང་གཉིས་ཀྱིས་སློབ་གྲྭར་ཆུ་ཚོད་མང་པོ་དེ་འདྲར་གོམ་པ་བརྒྱབ་སྟེ་མ་འགྲོ་ཀ་མེད་རེད། གང་ཡིན་ཟེར་ན། ཁོང་གཉིས་ཀྱི་གྲོང་གསེབ་ཏུ་སློབ་གྲྭ་མེད་པ་དང་། ཁོང་ཚོའི་གྲོང་གསེབ་ནས་སློབ་གྲྭ་ཐག་ཉེ་ཤོས་ནི་གྲོང་རྡལ་མཱ་ནི་རཱི་(Maneri)དང་མཱ་ལཱ་(Malla)གཉིས་ཀྱི་སློབ་གྲྭ་ཡིན་པ་རེད།

སའེ་བཱ་གྲོང་གསེབ་ལ་གཞུང་ལམ་མེད་སྟབས། བུ་མོ་དེ་གཉིས་ཞོགས་པ་སྔ་པོ་ལངས་ཏེ་རང་གི་རྒྱབ་ཁུག་ནང་ཀློག་དེབ་དང་ལྷན་དུ་ཉིན་གུང་གི་ཁ་ལག་ཁུར་ནས་རྡོ་ཧྲུག་གིས་ཁེངས་བའི་རྐང་ལམ་ཕྲ་མོ་བརྒྱུད་དེ་འགྲོ་ཡི་ཡོད་པ་དང་། ལམ་བར་གྱི་དཀའ་ངལ་ཆེ་ཤོས་ནི་ཁོང་ཚོའི་གྲོང་གསེབ་ནས་ཆུ་ཚོད་རིང་གཉིས་གོམ་པ་བརྒྱབས་རྗེས་། བཱ་གི་ར་ཐཱི་(Bhagirathi)ཞེས་པའི་རྫ་ཆུ་དྲག་པོ་ཞིག་བརྒལ་དགོས་པ་དེ་རེད། རྫ་ཆུ་དེར་ལྕགས་ཐག་ཟམ་པ་བཟོས་ཡོད་ཀྱང་། ལྕགས་ཐག་ཐོག་གི་ལྕགས་སྒྲོམ་ནང་བསྡད་དེ་རང་ཉིད་ཀྱི་ལག་པ་གཉིས་ཀྱིས་འཐེན་ནས་ལྕགས་སྒྲོམ་ཕར་འགྲོ་ཚུར་འོང་བྱེད་དགོས་ཀྱི་ཡོད། ལྕགས་སྒྲོམ་འཐེན་པར་ཤུགས་ཆེན་པོ་བརྒྱབ་དགོས་པ་མ་ཟད། ཆར་པ་བབ་སྐབས་ལྕགས་སྒྲོམ་འཐེན་རྒྱུ་ལས་སླ་བོ་མེད་པས་ལྕགས་ཐག་གིས་ལག་པར་ཡང་ཡང་རྨ་བཟོ་ཡི་ཡོད་འདུག

ལྕགས་སྒྲོམ་གྱི་ནང་བསྡད་དེ་ཐག་པ་འཐེན་སྐབས་མཚམས་རེར་སྟབས་མ་ལེགས་པར་ལྕགས་ཐག་དང་ལག་འཐེན་ཐག་པའི་བར་མཛུབ་མོ་བཙིར་ནས་རྨ་བཟོ་གི་ཡོད་པ་དང་། དེ་སྔོན་གྲོང་གསེབ་པ་ཁ་ཤས་ཀྱི་མཛུབ་མོ་འཕྲོ་བརླག་ཏུ་ཕྱིན་ཡོད་པ་རེད།ཡཱ་ཤོ་དཱ་ལགས་ཀྱིས། ལྕགས་སྒྲོམ་དེ་ལྕགས་ཐག་ཟམ་པའི་དཀྱིལ་དུ་སླེབས་ཚེ། ང་ཚོས་སྔར་ལས་ཤུགས་ཆེན་པོ་བརྒྱབ་སྟེ་ལག་པ་གཉིས་ཀྱིས་ཐག་པ་དམ་པོར་འཇུས་དགོས་པ་རེད། དེ་མིན་ཆུའི་ནང་ལྷུང་བའི་ཉེན་ཁ་ཡོད། ཐེངས་ཤིག་ང་ཚོའི་གཉེན་ཚན་ཞིག་ཆུའི་ནང་ལྷུང་མྱོང་ཡོད་ཀྱང་། སྟབས་ལེགས་ནས་ཁོ་བོ་བསྐྱབས་ཐུབ་ཡོད་པ་རེད། ང་ཚོས་ལྕགས་ཐག་འཐེན་སྐབས་དེའི་སྣུམ་ཞག་ནག་པོ་ལག་པར་འགོ་ཡི་འདུག་ཀྱང་། ངེད་གཉིས་ཀྱིས་རང་གི་སྒྲིག་ཆས་སྟེང་དུ་མ་འགོ་བར་ཡིད་གཟབ་བྱེད་ཀྱི་ཡོད། གང་ཡིན་ཟེར་ན། ང་ཚོའི་སྒྲིག་ཆས་ཀྱི་དོར་མ་དཀར་པོ་ཡིན་སྟབས་ཅུང་ཟད་འགོས་ཀྱང་གསལ་ཐིང་ངེར་མཐོང་གི་རེད། ཅེས་བརྗོད་བྱུང་།

རྫ་ཆུ་དེ་བརྒལ་རྗེས་གཞུང་ལམ་དུ་སླེབ་ཀྱི་ཡོད་པས་དེ་ནས་གླ་འཁོར་ལ་བསྡད་དེ་སློབ་གྲྭའི་བར་སྐྱོད་ཆོག་མོད། ལམ་བར་ནས་ནགས་ཚལ་སྟུག་པོ་བརྒྱུད་ཀྱི་ཡོད་པས་བུ་མོ་གཉིས་ཀྱི་གཉེན་ཚན་དང་ཁྱིམ་མཚེས་ཚོས་བརྗོད་ན། ནགས་གསེབ་དེ་ནས་དོམ་དང་གཟིག་སོགས་གཅན་གཟན་འཇིགས་པོའང་མཐོང་མྱོང་ཡོད་འདུག

ཨུ་ཏར་ཁཱན་མངའ་སྡེའི་རི་སུལ་མཐོན་པོར་སའེ་བཱ་འདྲ་བའི་གྲོང་གསེབ་ ༢༠༠ ཙམ་ཡོད་པ་དང་། གྲོང་གསེབ་རེ་གཉིས་ཤིག་ལ་ལམ་ཁ་ཡོད་པ་མ་གཏོགས། གྲོང་གསེབ་མང་ཆེ་བར་རྐང་ལམ་གཅིག་པུ་ལས་མེད་པ་རེད།

བུ་མོ་སྤུན་གཉིས་མ་འོངས་པར་སློབ་མཐར་ཕྱིན་རྗེས་ཡཱ་ཤོ་དཱས་ཉེན་རྟོག་པའི་མགོ་འཁྲིད་ཅིག་དང་། རཱ་དི་ཀཱས་དགེ་རྒན་ཡག་པོ་ཞིག་བྱེད་འདོད་ཡོད་པ་རེད། ཁོང་གཉིས་ཀྱིས་སོ་སོའི་ཕ་མ་ལྟར་ལོ་ན་ཆུང་དུས་ནས་གཉེན་སྒྲིག་བྱེད་འདོད་མེད་པར་མུ་མཐུད་སློབ་གཉེར་བྱས་ཏེ་མི་འདྲ་འདྲའི་ནང་ནས་མ་འདྲ་བ་ཞིག་ཆགས་རྒྱུར་ཆོད་སེམས་བརྟན་པོ་ཡོད་པ་རེད།

ཡཱ་ཤོ་དཱའི་རང་བཞིན་ནི་སྒམ་པོ་དང་ཁུ་སིམ་པོར་སྡོད་མཁན་ཞིག་དང་། རཱ་དི་ཀཱ་ནི་ཁ་གསང་ཞིང་སྨྲ་བརྗོད་བདེ་བ་ཞིག་འདུག ཁོང་གཉིས་ལ་སྐད་ཆ་བཤད་སྐབས། རཱ་དི་ཀཱས་མགོ་སྒུར་ནས་དོར་མ་དང་རྐང་པར་སྦྱར་བའི་འབུ་པད་པ་རྣམས་སེལ་འདོན་བྱེད་བཞིན་འདུག ཆར་དུས་སྐབས་ལམ་ཁར་འདམ་བག་མང་ཞིང་འབུ་པད་པ་ཧ་ཅང་མང་པོ་ཡོད་པ་རེད།

ཁོང་གཉིས་རང་གི་གྲོང་གསེབ་དང་དེའི་ཉེ་འཁོར་གྱི་རང་བྱུང་ཁམས་ལ་དོ་སྣང་དང་ཧ་ཅང་དགའ་པོ་ཡོད་པ་རེད། བུ་མོ་ཡཱ་ཤོ་དཱས། ཆར་པ་འབབ་དུས་རི་བོའི་སྒང་དུ་རྦབ་ཆུ་ཆུང་ཆུང་མང་པོ་མཐོང་རྒྱུ་ཡོད་སྟབས། གྲོང་ཁྱེར་ནས་ཡོང་མཁན་ཞིག་ཡིན་ན་ཡིད་དབང་འཕྲོག་གི་རེད། དེ་བཞིན། དགུན་ཁ་སླེབས་གྲབས་ཡོད་སྐབས། ང་ཚོའི་གྲོང་གསེབ་ཏུ་མི་སྣ་གྲགས་ཅན་ཞིག་ཕེབས་རྒྱུར་སྟ་གོན་དང་བསུ་མའི་ཆེད་གདན་བཏིངས་པ་ལྟར། དང་ཐོག་གྲོང་གསེབ་ཀྱི་ཕྱོགས་ཡོངས་སུ་སེར་ཐིང་ཐིང་དུ་གྱུར་བ་དང་། དལ་གྱིས་ལོ་མ་དེ་དག་གཅིག་རྗེས་གཉིས་མཐུད་ཀྱིས་མར་ལྷུང་གི་རེད། ཅེས་བརྗོད་བྱུང་།

སློབ་གྲྭར་འགྲོ་བའི་ལམ་བར་དུ་ངལ་གསོ་བྱེད་སྐབས། ཁོང་གཉིས་ཀྱིས་དྭངས་ཞིང་གཙང་བའི་ཆུ་མིག་དེ་དག་ལས་ཆུ་འཐུང་བ་དང་། ནགས་གསེང་ནས་རང་བྱུང་གི་ཤིང་འབྲས་རྡོ་ཀུབ་(ཁི་ར)སོགས་འཐུ་ཡི་འདུག

མཚམས་རེར་གཉེན་ཚན་ཚོས་ཁོང་གཉིས་ལ་ཁ་པར་གཡར་ཏེ། རྒྱ་གར་གློག་བརྙན་(Bollywood)གྱི་གཞས་དང་ཞབས་བྲོ་ལ་ལྟ་ཡི་འདུག ཁོང་ཚོའི་ཁྱིམ་དུ་བརྙན་འཕྲིན་མེད་ཀྱང་ཁོང་ཚོའི་ཨ་ཞང་ཞིག་ལ་བརྙན་འཕྲིན་ཡོད་པས། སྐབས་རེར་བརྙན་འཕྲིན་དུ་ལྟད་མོ་ཡག་པོ་དང་དམིགས་བསལ་བ་དེ་འདྲ་ཡོད་ན། ཁོང་ཚོའི་སྤུན་མཆེད་ཚང་མ་གློག་བརྙན་ལྟ་བར་ཨ་ཞང་གི་ཁྱིམ་དུ་འདུ་འཛོམས་བྱེད་ཀྱི་ཡོད་འདུག

ཉིན་ཞིག་གི་རེས་གཟའ་ཉི་མར་བྷི་བྷི་སི་གསར་ཁང་གིས་ཁོང་གཉིས་ཀྱི་སྐོར་ལ་བརྙན་ཐུང་ཞིག་བཟོ་རྒྱུའི་སྟ་གོན་བྱེད་སྐབས། ཡཱ་ཤོ་དཱ་ཉལ་ཁྲིའི་སྒང་དུ་བསྡད་དེ་ཁ་པར་ནང་གླུ་གཞས་ལ་ཉན་ནས་བསྡད་ཡོད་པ་དང་། རཱ་དི་ཀཱས་རང་གི་མགོར་རས་ཟིང་སྐྱ་ཞིག་བསྒྲིལ་ནས་ཞབས་བྲོ་འཁྲབ་རྒྱུའི་གྲ་སྒྲིག་བྱས།

བུ་མོ་ཡཱ་ཤོ་དཱས། ང་ཚོས་རྨི་ལམ་མང་པོ་རྨིས་ཀྱི་འདུག མཚམས་རེར་གདོན་འདྲེ་རྨི་ལམ་རྨིས་པ་དང་། མཚམས་རེར་གཅུང་པོ་རྨི་ལམ་རྨིས་ཀྱི་འདུག གང་ཡིན་ཟེར་ན། ང་ཚོའི་གཅུང་པོ་གྲོང་ཁྱེར་གྱི་སློབ་མའི་སྡོད་ཁང་ཞིག་ཏུ་བསྡད་དེ་སློབ་སྦྱོང་བྱེད་ཀྱི་ཡོད་པ་དང་། ང་ཚོ་གུང་སེང་གི་སྐབས་སུ་མ་གཏོགས་ཐུག་འཕྲད་བྱེད་ཐུབ་ཀྱི་མེད། ཅེས་བརྗོད་བྱུང་།སའེ་བཱ་གྲོང་གསེབ་ཀྱི་སློབ་ཕྲུག་མང་ཆེ་བས་འཛིན་རིམ་ ༩ པ་མཐར་ཕྱིན་རྗེས་མུ་མཐུད་སློབ་སྦྱོང་བྱེད་ཐུབ་ཀྱི་མེད་པ་རེད། གང་ཡིན་ཟེར་ན། མཐོ་རིམ་སློབ་གྲྭར་སློབ་གཉེར་བྱེད་པར་རང་ཁྱིམ་དང་བྲལ་ཏེ་གྲོང་ཁྱེར་ལ་ཟུར་དུ་ཁང་པ་གླས་ནས་བསྡད་དགོས་སྟབས། གྲོང་གསེབ་གྱི་མི་ཚོས་དེ་འདྲ་འགྲོ་སོང་ཆེན་པོ་གཏོང་ཐུབ་ཀྱི་མེད།

སའེ་བཱ་གྲོང་གསེབ་ཀྱི་དཀའ་ཁག་སྐོར་ལ་བྷི་བྷི་སི་གསར་ཁང་གིས་བརྙན་ཐུང་ཞིག་བཟོས་ཡོད་པ་དང་། ཐོག་དང་པོར་བརྙན་ཐུང་དེ་སའེ་བཱ་གྲོང་གསེབ་པ་ཚོར་བསྟན་འཆར་འདུག ང་ཚོས་བུ་མོ་སྤུན་གཉིས་དང་ཁོང་ཚོའི་ནང་མི་ཚོར་དངོས་ཡོད་གཏམ་རྒྱུད་གཞིར་བཞག་པའི་གློག་བརྙན་ནི་གང་འདྲ་ཞིག་ལ་ཟེར་གྱི་ཡོད་མེད་ཤེས་བཅུག་འདོད་འདུག

ཁོང་བུ་མོ་སྤུན་གཉིས་སྐོར་གྱི་གློག་བརྙན་འདི་བརྒྱུད་ཡཱ་ཤོ་དཱ་དང་རཱ་དི་ཀཱ་གཉིས་ཀྱིས། རང་གི་ཕ་མ་གཉིས་སློབ་གྲྭར་ཐེངས་ཤིག་སྤྲོ་འཆམ་དུ་འཁྲིད་པའི་གོ་སྐབས་ཤིག་ཀྱང་ཆགས་ཡོད་པ་རེད།

མ་ཡིག་གི་འབྲེལ་ཐག http://www.bbc.com/news/world-41527080

བསྐྱར་བཅོས།: ༢༠༡༧/༡༠/༢༥

Leave a Reply

2 thoughts on “བུ་མོ་སྤུན་གཉིས་ཀྱིས་རི་གཟར་རྫ་ཆུ་བརྒལ་བའི་ཤེས་ཡོན་གྱི་འགྲུལ་བཞུད།

  1. གཞུང་པ་ཚེ་དབང་བསོད་ནམས་ཡ

    འདི་དང་འདི་འདྲ་བའི་ས་ཁུག་ལུང་ཁུག་མང་པོ་ལ་དཀའ་ངལ་ཡོད་པ་དེ་ཚོ་སྲིད་གཞུང་ནས་བལྟ་དགོས་པ་ཞིག་ཡིན་ཀྱང་གནས་ཡུལ་རྒྱལ་ཁབ་ལ་མི་འབོར་མང་བས་སྲིད་གཞུང་ནས་བལྟ་རྟོགས་བྱ་རྒྱུར་འ་འུབ་མ་འདུས་པའི་དཀའ་ངལ་འོག་མི་མང་འཚོ་དགོས་པ་ནི་ང་ཚོའི་མིག་ལམ་དུ་མཐོང་ཆོས་སུ་ཡོད་པ་ནས་ཤེས་ཐུབ་།