ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཀློད་གྲོལ་བཏང་།

གཏའ་དངུལ་ཨ་སྒོར་ ༦༤༠༠ རེ་སྤྲད་དེ་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་སྣེ་འཁྲིད་པ་རྗོ་ཤཱུ་ཝོང་དང་ན་ཐན་ལཱོ་གཉིས་བཙོན་གྲོལ་བཏང་ཡོད་འདུག

སི་ཨན་ཨན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༨ པའི་ནང་སྤྱི་ཚོགས་རྙོག་ཟིང་བསླངས་བའི་ཉེས་མིང་འོག་བཙོན་འཇུག་བྱས་པའི་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་སྣེ་འཁྲིད་པ་རྗོ་ཤཱུ་ཝོང་(Joshua Wong)དང་། ན་ཐན་ལཱོ་(Nathan Law)གཉིས་དེ་རིང་བཙོན་གྲོལ་ཐོབ་ཡོད་པ་དང་། ཁོང་གཉིས་ཀྱི་རོགས་པ་ཨེ་ལེཀ་ཅ་འོ་(Alex Chow)ལགས་ལ་གཏའ་དངུལ་བཞག་མེད་སྟབས་མུ་མཐུད་བཙོན་ཁང་དུ་ཡོད་པ་དང་། ཁོང་ལ་ཟླ་ ༧ གྱི་ཁྲིམས་ཐག་བཅད་ཡོད་པ་རེད།

སྐུ་ཞབས་ཝོང་གིས་སྣེ་ཁྲིད་པའི་ཆབ་སྲིད་ཚོགས་པ་ཌི་མོ་སི་ཏོས་(Demosisto)བརྗོད་པ་ལྟར་ན། བཙོན་ཁང་ལ་ཁག་ཐེག་གཏའ་དངུལ་ཨ་སྒོར་ ༦༤༠༠ རེ་སྤྲད་དེ། ཁོང་གཉིས་ཀློད་གྲོལ་ཐོབ་ཡོད་པ་དང་། གནས་སྐབས་རིང་ཁོང་གཉིས་ཀྱིས་ངེས་པར་དུ་བདུན་ཕྲག་རེར་ཉེན་རྟོག་པའི་ལས་ཁུངས་སུ་སོང་སྟེ་འབྱོར་ཐོ་བརྒྱབ་དགོས་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༧ ལ་ཁྲིམས་ཁང་གོང་མར་བསྐྱར་དུ་བཅར་དགོས་ཤིང་། དུས་ཡུན་འདིའི་ནང་ཁོང་གཉིས་ཧོང་ཀོང་ནས་ས་གནས་གཞན་གང་དུའང་འགྲོ་སྐྱོད་མི་ཆོག་སྐོར་བརྗོད་འདུག

ཕྱི་ལོ་ ༢༠༡༤ ལོར་སྐུ་ཞབས་ཝོང་དང་ལཱོ་གཉིས་སོགས་ཀྱིས་སྣེ་འཁྲིད་དེ་ཧོང་ཀོང་གི་སྲིད་གཞུང་ལྟེ་བའི་ཁྲོམ་གཞུང་དུ། ཆར་གདུགས་ལས་འགུལ་(Umbrella Movement)བསྟུད་མར་ཉིན་གྲངས་ ༧༩ རིང་སྤེལ་ཏེ། གྲོང་ཁྱེར་ལྟེ་བའི་སློབ་གྲྭ་ཁག་དང་ཚོང་གཉེར་ཁང་། སྲིད་གཞུང་གི་ལས་ཁུངས་སོགས་སྒོ་བརྒྱབས་དགོས་ཁེལ་ཡོད་པ་རེད། ལས་འགུལ་མཚམས་བཞག་རྗེས་ཁོང་གཉིས་འཛིན་བཟུང་བྱས་ཏེ་ཡུན་རིང་བཀག་ཉར་བྱས་མཐར། སྤྱི་ཚོགས་ལ་རྙོག་ཟིང་བསླངས་བའི་ནག་ཉེས་འོག་ཁོང་གཉིས་ལ་ཟླ་བ་ ༦ ནས་ ༨ བར་གྱི་བཙོན་འཇུག་ཁྲིམས་བཅད་ཡོད་པ་རེད།

སློབ་ཕྲུག་ཁོང་གཉིས་ཀྱིས་སྣེ་འཁྲིད་དེ་ཧོང་ཀོང་གི་ལོ་རྒྱུས་ནང་ལས་འགུལ་ཤུགས་ཆེ་ཤོས་བྱུང་བར་བརྟེན། རྒྱལ་སྤྱིའི་སྟེང་ནས་ན་གཞོན་ཁོང་གཉིས་ལ་རྒྱབ་སྐྱོར་དང་དོ་སྣང་ཤུགས་ཆེན་བསླེབས་ཡོད་པ་མ་ཟད། སྐུ་ཞབས་རྗོ་ཤཱུ་ཝོང་ལགས་འདི་ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་མིའི་ཁོངས་སུ་མིང་འདོན་དགོས་པའི་བསམ་འཆར་ཡང་བསླེབས་ཡོད་པ་རེད།

རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ལས་འགུལ་བ་ཝོང་དང་ལཱོ་གཉིས་བཙོན་གྲོལ་ཐོབ་སྟེ་ལམ་བར་ནས་ཐུག་འཕྲད་བྱུང་སྐབས། ཕན་ཚུན་ལ་ཁ་བརྡ་དང་ཉེ་འགྲམ་གྱི་མི་མང་རྒྱབ་སྐྱོར་བ་ཚོར་ལག་པ་གཡུག་གཡུག་བྱས་ཡོད་པ་དང་། སྐབས་དེར་ཁོང་གཉིས་ཉེན་རྟོག་པ་བཞིས་ལྟ་རྟོག་འོག་ཡོད་སྐོར་བརྗོད་འདུག

ཁོང་གཉིས་ཀྱི་ཆབ་སྲིད་ཚོགས་པའི་མགྲིན་ཚབ་པས། ཁོང་གསུམ་བཙོན་ཁང་ནང་ཡོད་སྐབས་སེམས་གསོའི་ཡི་གེ་མང་པོ་ཞིག་བཏང་འབྱོར་བྱུང་བས་ཚང་མར་ཐུགས་རྗེ་ཆེ་ཞུ་ཡི་ཡོད། ང་ཚོས་ཁོང་གསུམ་སླར་ཡར་རང་ཁྱིམ་དུ་ལོག་ཐུབ་ཅིང་སྔར་ལྟར་རང་དབང་འཐོབ་པའི་རེ་བ་བྱེད་ཀྱི་ཡོད། ཅེས་བརྗོད་ཡོད་པ་རེད།

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༡༠/༢༤

Leave a Reply

2 thoughts on “ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཀློད་གྲོལ་བཏང་།

  1. བདེན་པ་ལ་དྲག་གནོན་གྱིས་བཙན་འགོག་བྱ་ཐབས་འཚོལ་བ་ནི་སོ་མེད་པ་ཡིས་ཤ་མུར་བ་དང་ཀུན་ནས་མཚུངས། ཧང་ཀོང་གི་ན་གཞོན་མི་རབས་གསར་པ་རྣམས་ཀྱིས་རང་དབང་ལ་སྐྱབས་སུ་མཆིས་ཏེ་ལམ་ལུགས་གཉིས་ཀྱི་གཡོ་བྱུས་ལ་འདོད་བློ་མ་ཁེངས་པར་མིང་དང་གྲགས་པ་ལ་ཞེན་པ་དོར་ཏེ་ཡོད་ཚད་ཀྱི་ཡོད་ཚད་རང་དབང་ཐོག་སྤུངས་ཏེ་འཐབ་རྩོད་ཀྱི་བྱ་བར་ང་ཚོ་བོད་ལ་ལོག་འགྲོ་འདོད་པ་རྣམས་ཀྱིས་ལེགས་ཆ་དུ་མ་ཞིག་བླང་རྒྱུ་ཡོད། སྒེར་ལས་སྤྱི་པ་དང་། ཚོགས་པ་ལས་གཞུང། ལུང་ཚན་ལས་རྒྱལ་ཁབ། ཆོས་ལུགས་ལས་མི་རིགས་ལ་སོགས་པ་སྒེར་གྱི་ངོ་བསྟོད་དང་གྲགས་པ། ཁེ་ཕན་སོགས་ལ་ཞེན་པ་གཏན་ནས་དོར་ཏེ། བསམ་རྒྱུ་གཅིག་སྟེ་བོད་མི་རིགས་དང་། དྲན་རྒྱུ་གཅིག་སྟེ་བོད་རྒྱལ་ཁབ་ཁོ་ན་ཡིས། ང་ཚོ་ལས་དབང་གིས་བརྙས་པའི་སྐྱབས་བཅོལ་བའི་འགྱེལ་ས་ནས་རང་དབང་གི་རྒྱལ་སར་ལངས་དགོས་པའི་མིག་དཔེ་བཟང་པོ་དང་ཉམས་མྱོང་ཚད་མ་ཞིག་རང་གི་མདུན་ན་འདུག་པའི་ཧང་ཀོང་གཞོན་སྐྱེས་རྣམས་ལས་བླང་དགོས་པའི་མནོ་བསམ་ཞིག་གཏོང་དགོས་པའི་དུས་ལ་འབབ་པར་མཐོང་ངོ་།། །།