དཔོན་རིགས་འཕོ་འགྱུར་ཙམ་གྱིས་རྒྱ་ནག་དམངས་གཙོར་འགྱུར་མི་སྲིད།

ཕྱི་སྡོད་རྩོམ་པ་པོ་དང་རྒྱ་ནག་སྲིད་བྱུས་ཉམས་ཞིབ་པ་ལྷ་སྡེ་གནམ་ལོ་ཡག་ལགས་སུ་རྒྱ་ནག་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་འབྲེལ་ཏེ་རྒྱ་ནག་དམར་ཤོག་ཚོགས་པའི་དབང་སྒྱུར་སྲིད་བྱུས་སྐོར་ལ་བཅར་འདྲི་ཞུས་ཡོད།

དྲི་བ། དམར་ཤོག་ཚོགས་ཆེན་ཐེངས་ ༡༩ པའི་བརྒྱུད་རིམ་ཁྲོད་ཁྱེད་ཀྱིས་རྒྱ་ནག་གི་སྲིད་བྱུས་ཁ་ཕྱོགས་ག་འདྲ་ཞིག་ཏུ་འགྲོ་ཡི་ཡོད་པ་མཐོང་སོང་།

ལན། རྒྱ་ནག་དམར་ཤོག་དྲུང་ཆེ་ཞི་ཅིན་ཕིན་གྱི་ལས་བསྡོམས་སྙན་སྒྲོན་ནང་༼དུས་རབས་གསར་པ་༽ཟེར་བའི་མིང་ཚིག་དེ་ཐེངས་ ༣༦ ལ་ཐོན་པ་དེ། ༼ཀྲུང་གོའི་རྨི་ལམ་༽ཟེར་བའི་བརྗོད་ཚིག་དེ་ཐེངས་ ༡༣ ལ་ཐོན་པ་ལས་ཧ་ལམ་ལྡབ་གསུམ་ཟིན་ཡོད། དེས་ག་རེ་སྟོན་གྱི་ཡོད་དམ་ཟེར་ན། རྒྱ་ནག་དེ་སྤྱི་ཚོགས་རིང་ལུགས་ཀྱི་རིམ་པ་འོག་མའམ་དམའ་རིམ་ནས་ད་ལྟ་སྤྱི་ཚོགས་རིང་ལུགས་ཀྱི་རིམ་པ་བར་མའམ་འབྲིང་རིམ་ནང་སླེབ་འགོ་ཚུགས་ཡོད་ཟེར་བའི་དོན་རེད་ལ། དེ་ནི་ཞི་ཅིན་ཕིན་ནས་འགོ་ཚུགས་པར་ངོས་འཛིན་དང་མ་འོངས་པར་རྒྱ་ནག་དེ་སྤྱི་ཚོགས་རིང་ལུགས་ཀྱི་རིམ་པ་གོང་མ་སྟེ་མཐོ་རིམ་ནང་བསླེབ་འཇུག་གི་ཡིན་ཟེར་བཞིན་ཡོད་པ་རེད། ཡིན་ནའང་༼རྒྱ་ནག་དམར་ཤོག་སྲོལ་ཡིག་༽ནང་བཀོད་ཟིན་པའི་༼ཞིས་ཅིན་ཕེན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་༽ཟེར་བའི་ནང་དུ་འགྲོ་བ་མིའི་ཐོབ་ཐང་དང་གཞུང་དབང་སྟངས་འཛིན་ལམ་ལུགས་ (constitutionalism) གཉིས་གླེང་མེད་པར་མ་ཟད། ཐ་ན་ལས་བསྡོམས་ནང་དུ་བཀོད་པའི་༼རང་དབང་༽དང་༼དམངས་གཙོ་༽གཉིས་ཀྱི་བརྗོད་སྒྲའང་བརྙན་འཕྲིན་བརྒྱུད་ལམ་ནང་བཀག་འགོག་ཐེབས་ཡོད་པ་ཐའེ་ཝན་གྱི་གསར་ལམ་ཁག་ཏུ་ཐོན་འདུག བྱེད་སྟངས་དེས་རྒྱ་ནག་དམར་ཤོག་གཞུང་གིས་དབང་ཆ་གཅིག་སྡུད་སྲ་བརྟན་དང་ཕྱི་ཕྱོགས་རྒྱ་བསྐྱེད་སྲིད་ཇུས་ལེགས་འགྲུབ་ཡོང་བའི་རེ་བ་འཆིང་བཞིན་པ་མཚོན་གྱི་ཡོད། གང་ལྟར་ཞི་ཅིན་ཕིན་གྱི་ལས་བསྡོམས་སྙན་སྒྲོན་ནང་འབུར་དུ་ཐོན་པ་འགའ་ནི་རྒྱ་ནག་དེ་སྟོབས་ཆེན་རྒྱལ་ཁབ་ཆགས་པའི་འདུན་པ་ཧ་ཅང་མངོན་གསལ་དོད་པོ་དང་དཔལ་འབྱོར་ཁྲོམ་ར་ཅན་དུ་བསྒྱུར་བའི་འདུན་པ་ཇེ་ཞན། བརྟན་ལྷིང་ཐད་ཀྱི་སེམས་ཁྲལ་ཇེ་ལྕི་དང་། ཆོས་ལུགས་ཡན་ཆད་རྒྱ་ནག་ཅན་དུ་འགྱུར་བའམ་བསྒྱུར་བའི་འདོད་འདུན་སྦས་གསང་མེད་པར་མངོན་འདུག གཞན་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་བརྗོད་སྟངས་དེ་ཡག་པོ་འདུག་མོད། འབྱུང་འགྱུར་གྱི་ལག་ལེན་དེ་ལྟར་ཡོང་མིན་ལྟ་བྱ་ཆགས་ཡོད།

དྲི་བ། ཚོགས་ཆེན་ཐོག་མཐོ་རིམ་དཔོན་རིགས་མང་པོ་འཕོ་འགྱུར་བཏང་བ་དེས་རྒྱ་ནག་གི་སྲིད་བྱུས་ལ་འགྱུར་བ་འགྲོ་སྲིད་དམ།

ལན། དོན་དག་འདི་ལ་ང་ཚོས་ཅུང་རྒྱ་ཆེ་ས་ཞིག་ནས་ལྟ་དགོས་པར་འདོད། ངས་འདིར་དུས་རིམ་གཉིས་གཤིབས་བསྡུར་གྱིས་ཞི་ཅིན་ཕིན་གྱིས་དཔོན་རིགས་བསྐོ་འཇོག་གི་རྒྱབ་ལྗོངས་རོབ་ཙམ་བསྔོག་ཨེ་ཐུབ་ལྟ་གི་ཡིན། རྒྱ་ནག་དམར་ཤོག་ཚོགས་ཆེན་ཐེངས་ ༡༩ པ་དེ་དམག་དཔུང་གི་དམ་དྲག་འོག་འཚོགས་ཀྱིན་པར་ལྟ་སྐབས། ཕྱི་ལོ་ ༡༩༥༩ ལོར་མའོ་ཙེ་ཏུང་གིས་ལེའུ་ཧྲན་ཟེར་བའི་ས་ཆ་དེར་གཙོ་སྐྱོང་བྱས་པའི་རྒྱ་ནག་དམར་ཤོག་ཆབ་སྲིད་ལྷན་ཚོགས་ཀྱི་རྒྱས་འཛོམས་ཚོགས་འདུ་དང་ཧ་ཅང་འདྲ་མཚུངས་རེད། སྐབས་དེར་མའོ་ཡིས་སྐབས་དེའི་དམག་སྤྱི་ཆེན་མོ་དང་ནུབ་བྱང་དཔུང་ཤོག་གི་མི་སྣ་གཙོ་བོ་ཕུན་ཏི་ཧེ་འཇུ་བཟུང་གིས་དཔུང་ཤོག་དེ་ཕྱོགས་ཡོངས་ནས་ཕམ་ཉེས་གཏོང་འགོ་ཚུགས་ཡོད། དཔུང་ཤོག་དེའི་ནང་བོད་ལ་འཐབ་ཕྱོགས་གཅིག་གྱུར་བསམ་བློའི་བཙན་འཛུལ་དམག་སྤྱི་ཧྥན་མིང་དང་ཞི་ཅིན་ཕིན་གྱི་ཕ་རྒན་ཞི་ཀྲུང་ཞོན་སོགས་ཚུད་ཡོད་པས། ཞི་ཅིན་ཕིན་བར་དུ་རྒྱ་ནག་དམར་ཤོག་གཞུང་ནང་དཔུང་ཤོག་དེར་ཐག་གཅོད་རང་བཞིན་ལྡན་པའི་ཆབ་སྲིད་ཀྱི་དབང་ཆ་རག་བཅུག་མེད། མའོ་ཡིས་སྐབས་དེར་ཏིང་ཞོ་ཕེན་གྱིས་འགོ་ཁྲིད་པའི་ནུབ་ལྷོ་དཔུང་ཤོག་བེད་སྤྱོད་བཏང་ནས་ནུབ་བྱང་དཔུང་ཤོག་ཕམ་པར་བརྒྱབད་པ་ཞིག་རེད། ད་རེས་ཞི་ཅིན་ཕིན་གྱིས་དམག་དཔུང་གི་དམ་དྲག་འོག་དབང་ཆ་གཅིག་སྡུད་དང་ཐེངས་རྗེས་མའི་རྒྱ་ནག་དམར་ཤོག་དབང་ཆ་བརྒྱུད་འཛིན་པར་འགྱུར་སྲིད་པར་བཤད་ཀྱིན་པའི་སུང་ཀྲིན་ཚེ་འཇུ་བཟུང་དང་ཧུའུ་ཁྲུང་ཧྭ་དབུས་ཆབ་སྲིད་རྒྱུན་ལས་ ༧ ནང་ཧ་ལམ་ཚུད་བཅུག་མེད་པ། མཐོ་རིམ་དཔོན་རིགས་མང་ཆེ་བར་རང་ཉིད་ཀྱི་ཕྱོགས་གཏོགས་བསྐོ་འཇོག་བྱེད་ཀྱིན་པ་བཅས་ནི་རྒྱ་ནག་དམར་ཤོག་གཞུང་ནང་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་ནས་ནུབ་ལྷོ་དཔུང་ཤོག་གིས་དབང་ཆ་གཅིག་གཅོད་བྱས་ནས་ཡོང་བ་དེ་ཞི་ཅིན་ཕིན་ནས་སླར་ཡང་ནུབ་བྱང་དཔུང་ཤོག་གི་ལག་ཏུ་དབང་ཤུགས་ཚུད་པར་ལྟ་ཆོག ནུབ་ལྷོ་དཔུང་ཤོག་དང་ནུབ་བྱང་དཔུང་ཤོག་ནི་རྒྱ་ནག་དམར་ཤོག་ནང་ཁུལ་གྱི་སྟོབས་ཤུགས་ཕྱོགས་ཁག་དབྱེ་སྟངས་རྙིང་བ་ཞིག་ཡིན་པས། ཞི་ཅིན་ཕིན་ལ་ནུབ་བྱང་དཔུང་ཤོག་གི་ལ་རྒྱའམ་བསམ་བློ་ཡོད་པ་ཇི་ལྟར་ཤེས་སམ་ཞེ་ན། དཔེར་མཚོན་ཡག་ཤོས་ནི་ ༢༠༡༠ ལོར་ནུབ་བྱང་དཔུང་ཤོག་གི་སྨྱུ་གུར་འབོད་པའི་དམག་སྤྱི་ཧྥན་མིང་འདས་གྲོངས་སུ་གྱུར། དམག་སྤྱི་འདི་དཀར་འདོན་ཕྱེད་ཀ་ལས་བྱས་མེད་ནའང་། སྐབས་དེར་རྒྱ་ནག་དམར་ཤོག་གཞུང་གི་སྲིད་འཛིན་གཞོན་པ་ཡིན་པའི་ཞི་ཅིན་ཕིན་ནས་མེ་ཏོག་གི་ཕྲེང་བ་བསྐུར་ནས་མྱ་ངན་ཞུས་ཡོད། དེ་ལས་ལྡོག་སྟེ་ཕྱི་ལོ་ ༢༠༡༤ ལོར་ནུབ་ལྷོ་དཔུང་ཤོག་ལ་གཏོགས་པའི་བོད་མི་གསར་བརྗེ་བ་ཕུན་ཚོགས་དབང་རྒྱལ་མཆོག་འདས་གྲོངས་སུ་གྱུར་རྗེས། རྒྱ་ནག་དམར་ཤོག་གཞུང་གི་སྲིད་འཛིན་ཆགས་ཟིན་པའི་ཞི་ཅིན་ཕིན་ནས་ཐ་ན་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུའང་མྱ་ངན་ཞུ་བཅུག་མེད། དེ་བས། ངས་དོན་དག་འདི་གཉིས་གློ་བུར་བའི་ཐག་གཅོད་ཅིག་མ་ཡིན་པར་རྒྱབ་ལོགས་སུ་དོན་དག་མང་བོ་ཞིག་ཡིབ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། ལྷག་པར་དུ་རྒྱ་ནག་དམར་ཤོག་གི་ལོ་རྒྱུས་ལ་ལྟ་སྐབས། ནུབ་བྱང་དཔུང་ཤོག་དེ་སྔར་དམར་ཤོག་ཚོགས་པས་རྒྱ་ནག་ནང་༡༩༣༡ ལོར་བཙུགས་པའི་དམར་གཞུང་ཐོག་མ་༼ཀྲུང་ཧྭ་སུའུ་ཝེ་སྤྱི་མཐུན་རྒྱལ་ཁབ་༽(The Chinese Soviet Republic) ཀྱི་རྒྱུན་ཡིན་པས། ནུབ་བྱང་དཔུང་ཤོག་ལ་ཁོ་རང་ཚོ་ནི་དམར་ཤོག་པའི་རྒྱུད་འཛིན་པ་ངོ་མ་དེ་ཡིན་པའི་བསམ་བློ་ཁུར་ཕྱོགས་ཤིག་ཀྱང་བློ་ཕུགས་སུ་ཡོད་པ་རེད། དེ་བས། དཔོན་རིགས་འཕོ་འགྱུར་བཏང་བ་ཙམ་གྱིས་རྒྱ་ནག་གི་སྲིད་ཇུས་རང་འགུལ་གྱིས་དམངས་གཙོར་འགྱུར་བ་གཏོང་སྲིད་པའི་ཆ་ཧ་ཅང་གི་ཆུང་ཆུང་རེད་འདོད།

དྲི་བ། ཞི་ཅིན་ཕིན་གྱི་སྲིད་དབང་སྐབས་གཉིས་པར་གྲངས་ཉུང་མི་རིགས་ཁག་གི་དངོས་ཡོད་གནས་སྟངས་ལ་འགྱུར་བ་འགྲོ་སྲིད་པ་ཞིག་ཏུ་མཐོང་གི་འདུག་གམ།

ལན། གོང་དུ་ཞུས་ཟིན་པ་ལྟར། ཞིས་ཅིན་ཕིན་གྱི་ལས་བསྡོམས་སྙན་བསྒྲོན་ནང་༼བདེ་འཇགས་༽སྐོར་ཐེངས་ ༥༦ ལ་བཤད་ཡོད་པ་རེད། འདིར་བདེ་འཇགས་ཞེས་རྗོད་ཀྱིན་པ་ནི་དོན་ལ་༼སྤྱི་ཚོགས་བརྟན་ལྷིང་༽ལྟེ་བར་བཟུང་ཡོད། རྒྱུ་མཚན་ནི་དེང་གི་ཆར་རྒྱ་ནག་དམར་ཤོག་གཞུང་གིས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཕར་དམག་མ་བརྒྱབ་ན་ཚུར་བཙན་འཛུལ་བྱེད་མཁན་ཧ་ལམ་མི་འདུག་ཅེས་བཤད་ཆོག་ལ། འདས་པའི་ལོ་ཤས་རིང་རྒྱ་ནག་གི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོབ་ཀྱི་འགྲོ་གྲོན་ཐད་ཀར་རྒྱལ་སྲུང་འགྲོ་གྲོན་ལས་བརྒལ་ཡོད། དེ་བས། རྒྱ་ནག་ནང་སྤྱི་ཚོགས་བརྟན་ལྷིང་མི་ཡོང་བའི་རྩ་བ་གང་ལ་ཐུག་ཡོད་པར་ལྟ་སྐབས། མང་ཚོགས་ནང་དབུལ་ཕྱུག་གི་ཧེ་བག་ལ་གནམ་ས་ལྟ་བུའི་ཁྱད་པར་ཤོར་བཞིན་པ་དེ་དང་། མཐོ་རིམ་དཔོན་རིགས་ནང་དུ་དཔོན་རྒྱུད་གཉིས་པར་གྲགས་པའི་དཔུང་སྡེའི་ཁྲོད་དུ་ལྐོག་ཟ་རུལ་སུངས་ལས་འགུལ་ཤུགས་ཆེན་སྤེལ་བ་ལས་དམར་ཤོག་མི་རྒྱུད་གཉིས་པའི་ནང་དུ་ལས་འགུལ་དེ་སྤེལ་མེད་པས། མ་མགུ་བ་དང་ངོ་རྒོལ་བསྟུད་མར་བྱུང་གིན་ཡོད། དེའི་ཁྲོད་དུ་ཕྱུག་བདག་ཆེན་མོ་ཀོ་ཝུན་ཀོས་ནི་ཚབ་མཚོན་རང་བཞིན་གྱི་ངོ་རྒོལ་མི་སྣ་ཞིག་ཆགས་ཡོད་ལ། རྒྱ་ནག་དམར་ཤོག་གཞུང་གི་ནང་མཚང་དམར་རྗེན་དུ་ཕྱི་ལ་བརྟོལ་ཡོད་པས། རྒྱ་ནག་སྤྱི་ཚོགས་ཁྱོན་ཡོངས་ནས་གཡོ་ཡོམ་ཆེ་བའི་དུས་རིམ་ཞིག་ཏུ་སླེབས་ངེས་པར་མཁས་པ་ཚོས་ཚོད་དཔག་བྱེད་ཀྱིན་ཡོད། དེ་བས། ཞི་ཅིན་ཕིན་གཞུང་གིས་རྒྱ་ནག་སྤྱི་ཚོགས་ནང་འབྱུང་སྲིད་པའི་གཡོ་ཡོམ་དེ་འགོག་པའམ་གཡོལ་བར་༼མི་རིགས་རིང་ལུགས༽བེད་སྤྱོད་གཏོང་བ་ལས་ལག་ཆ་གཞན་ལྷག་མེད་ལ། རྒྱ་ནག་ནང༼མི་རིགས་རིང་ལུགས་༽ཀྱི་ངར་ཤུགས་སློང་བར་དམར་ཤོག་གཞུང་ལ་ཉེན་ཁ་ཆེར་མེད་པ་དང་སྟབས་བདེ་ཤོས་ནི་བོད་དང་ཤར་ཏུར་ཀི་སི་ཐན་གཉིས་དགྲ་རུ་བཟོ་བ་གཙོ་བོར་གྱུར་བའི་གྲངས་ཉུང་མི་རིགས་ཁག་ལ་གཉའ་གནོན་བྱེད་རྒྱུ་དེ་ཆགས་ཡོད། ཕྱོགས་འདི་ནས་ལྟ་སྐབས། གྲངས་ཉུང་མི་རིགས་ཁག་གི་དངོས་ཡོད་གནས་སྟངས་ལ་སྡུག་ཕྱོགས་ཀྱི་འགྱུར་བ་ལས་ལྷག་མེད་པ་འདྲ། ཡིན་ནའང་རྒྱའི་གཏམ་དཔེར། འཇིག་ཉེན་ནི་འགྱུར་འགྲོས་ཀྱི་འགོ་འཛུགས་ཡིན་ཟེར་བའི་དཔེ་ལྟར་གྲ་སྒྲིག་ཡོད་མཁན་གྱི་གྲངས་ཉུང་མི་རིགས་སུ་དང་སུ་ཡིན་ནའང་གོ་སྐབས་ཀྱང་མདུན་དུ་ལྷག་ཡོད། དཔེར་ན། དེང་གི་ཆར་རྒྱ་ནག་གི་དྲ་འབངས་དུང་ཕྱུར་བདུན་དང་བྱེ་བ་དྲུག་ལ་སླེབས་འདུག་པས། བཀག་རྒྱ་ཇི་ལྟར་ཆེ་ནའང་དྲ་བའི་བརྒྱུད་ལམ་ཆ་ཚང་འགོག་ཐུབ་པའི་ནུས་པ་ཡོད་མི་སྲིད་ལ། བརྡ་འཕྲིན་གྱི་དུས་རབས་ནང་དུ་སུས་གླེང་ཕྱོགས་ལ་ཁ་ལོ་བསྒྱུར་ཐུབ་ན་དེ་ལ་རྒྱལ་ཁ་ཏན་ཏན་འཐོབ་པར་རེ་བ་ཆེན་པོ་ཡོད། དེ་བས། ལོ་རྒྱུས་དང་གནས་སྟངས་ཡོད་ཚད་ཇི་མ་ཇི་བཞིན་དུ་བཤད་ནས་གནས་ལུགས་ཀྱི་མཐོ་སར་འགྲེང་ཐུབ་དགོས། དེ་ལས་ལྡོག་པའི་རྫུན་དང་ཞེ་འདོད་གཅིག་པུའི་དབང་དུ་གྱུར་བའི་ཨུ་ཚུགས་ཙམ་ལ་འབྲས་བུ་འབྱུང་མི་ཐུབ། དེ་ནི་ཕྱོགས་གཅིག་རེད། ཕྱོགས་གཞན་གཅིག་ནས་གྲངས་ཉུང་མི་རིགས་ཁག་གིས་རང་ཉིད་ཀྱི་ས་ཁུལ་དུ་བྱུང་དང་འབྱུང་འགྱུར་ཚང་མ་གང་ཐུབ་ཀྱིས་ཡིག་ངག་བརྙན་གསུམ་ནང་བཟོས་ནས་རྒྱ་ནག་དམར་ཤོག་གཞུང་གིས་སྤེལ་བཞིན་པའི་༼རྒྱུད་གཅིག་ལམ་གཅིག་བཀོད་ཇུས་༽(One belt one road Initiative) སླེབས་ཁུལ་ཡོངས་སུ་དྲིལ་བསྒྲགས་བྱེད་འོས། དེ་ནི་རྒྱ་ནག་དམར་ཤོག་གཞུང་ངོ་མ་ཞིག་རྒྱལ་ཁབ་མང་བོར་ངོ་འཕྲོད་ཐུབ་པ་དང་གྲངས་ཉུང་མི་རིགས་སྲིད་བྱུས་ལ་འགྱུར་བ་ཡོང་བར་བརྩོན་ཐབས་གཙོ་བོ་ཞིག་ཀྱང་ཆགས་ཡོད།

དྲི་བ། ཚོགས་ཆེན་ཐེངས་བཅུ་དགུ་བར་རྒྱ་ནག་ནང་གླེང་སློང་གཙོ་བོ་ག་རེ་བྱུང་ཡོད་པ་དང་། རྒྱལ་སྤྱིའི་སྟེང་དོ་སྣང་ཆེ་ཤོས་ག་རེ་བསླེབས་ཡོད་པ་རེད།

ལན། བརྒྱུད་ལམ་ཁག་ཏུ་སླེབས་པའི་གནས་ཚུལ་ཀློག་སྐབས། རྒྱ་ནག་དམར་ཤོག་གཞུང་གི་ལས་ཐོགས་མཐོ་རིམ་དཔོན་རིགས་དྲུག་གི་གཏམ་བཤད་ལ་ཚབ་མཚོན་རང་བཞིན་འདུག ཀྲང་གོ་ལི་གཅིག་པུས་༼མའོ་ཙེ་ཏུང་གི་དགོངས་པ། ཏིང་ཞོ་ཕིང་གཞུང་ལུགས། ཚབ་བྱེད་གསུམ། ཚན་རྩལ་གྱིས་འཕེལ་རྒྱས་སྨྲ་བ། ཞིས་ཅིན་ཕེན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་འོག༽ཞེས་བརྗོད་པ་ལས་གཞན་ལྔ་ཡིས་༼ཞི་ཅིན་ཕེན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་འོག༽གཅིག་པུ་ལས་མའོ་དང་ཏིང་སོགས་གླེང་མི་འདུག འདི་ཡང་སྔར་བྱུང་མ་མྱོང་བའི་སྣང་ཚུལ་ཞིག་རེད་ལ། དོན་གྱི་བསྟོད་པ་ཡིན་ནམ་དགོས་དབང་གི་བསྟོད་པ་གང་ཡིན་ག་ལེར་ལྟ་བྱ་ཆགས་ཡོད། རྒྱ་ནག་མང་ཚོགས་ཁྲོད་དོ་སྣང་བྱེད་ཡུལ་གཙོ་བོ་ནམ་རྒྱུན་སྤྱི་ཚོགས་སྟེང་གླེང་བཞིན་པའི་ལྐོག་ཟ་རུལ་སུངས་ལ་རྒོལ་བའི་བརྗོད་ཚིག་ཁག་རེད། དཔེར་ན། མཐོ་རིམ་དཔོན་རིགས་འཇུ་བཟུང་ལ་གོ་དགོས་པའི་སྟག་ལ་རྡུང་བ། དཔོན་རིགས་དཀྱུས་མ་འཇུ་བཟུང་ལ་གོ་དགོས་པའི་སྦྲང་མར་བརྡེག་པ། དངུལ་དངོས་དང་ནང་མི་ཕྱི་རྒྱལ་ཁག་ཏུ་བསྐྱལ་ཟིན་པའི་དཔོན་རིགས་འཇུ་བཟུང་ལ་གོ་དགོས་པའི་ཝ་མོ་འཇུ་བ་བཅས་རེད། ཞི་ཅིན་ཕིན་གྱི་ལས་བསྡོམས་སྙན་ཞུ་ལས་༼ཁང་པ་ནི་མི་སྡོད་ས་རེད་མ་གཏོགས་ཚོང་བསྒྱུར་གྱི་ཁེ་བཟང་བཟོ་ས་མིན་༽ཟེར་བའི་བརྗོད་ཚིག་དེར་མང་ཚོགས་ནང་དགའ་མོས་བྱེད་ཀྱིན་ཡོད་པར་བཤད། ཡིན་ནའང་ད་རེས་རྒྱ་ནག་དམར་ཤོག་གཞུང་གི་ལོ་རྒྱུས་ནང་སྔར་བྱུང་མ་མྱོང་བའི་སྣང་ཚུལ་བཞི་ལ་ཧང་སངས་ཀྱིན་པར་གྲགས། དེ་དག་ནི་ (༡) བྱིས་སྐྱོང་ཁང་གི་ཕྲུ་གུ་ཆུང་ཆུང་ཚོར་བཙན་གྱིས་ཞི་ཅིན་ཕིན་གྱི་ལས་བསྡོམས་སྙན་བསྒྲོན་ལ་ལྟ་བཅུག་པ། (༢) ནད་ཁྲིའི་སྟེང་གི་གྲོངས་ལ་ཉེ་བའི་ནད་པར་བཙན་ཚུགས་ཀྱིས་ཞི་ཅིན་ཕིན་གྱི་ལས་བསྡོམས་སྙན་བསྒྲོན་ལ་ལྟ་བཅུག་པ། (༣) བཙོན་ཁང་ནང་གི་བཙོན་མར་བཙན་གྱིས་ཞི་ཅིན་ཕིན་གྱི་ལས་བསྡོམས་སྙན་བསྒྲོན་ལ་ལྟ་བཅུག་པ། (༤) དྲ་ལམ་ཁག་ཏུ་དཔྱད་བརྗོད་བཀག་འགོག་བྱས་ཡོད་ནའང་། དྲ་ལམ་དུ་མི་རྣམས་ལ་དགའ་བསུའི་ཐལ་མོ་བརྡབ་ཆོག་པ་བཟོས་འདུག ད་དུང་བོད་དང་རྒྱའི་དགེ་འདུན་པའི་འདུས་སྡེ་ཁག་ཏུའང་བཙན་གྱིས་ཞི་ཡི་ལས་བསྡོམས་སྙན་བསྒྲོན་ལ་ལྟ་བཅུག་པའི་འདྲ་པར་ཡང་གང་སར་མཐོང་རྒྱུ་འདུག

ཕྱི་རྒྱལ་ཁག་ཏུའང་རྒྱ་ནག་དམར་ཤོག་ཚོགས་ཆེན་ ༡༩ བའི་ཐད་ཀྱི་ཁག་རེ་འགར་དོ་སྣང་བྱེད་ཀྱིན་འདུག གཅིག རྒྱ་ནག་དམར་ཤོག་གཞུང་གིས་རྒྱ་ནག་གི་དེང་གི་གནས་བབ་ལ་ངོས་འཛིན་བྱེད་སྟངས། འབྱུང་འགྱུར་གྱི་དཔལ་འབྱོར་སྲིད་བྱུས། དམག་དོན་དེང་རབས་ཅན་ལ་བསྒྱུར་སྟངས་སྲིད་བྱུས་སོགས་འདུ། གཉིས། དཔོན་རིགས་རྙིང་གྲས་ལས་ཅང་ཙེ་མིན་ལ་དོ་སྣང་ཤུགས་ཆེན་བྱས་ཡོད་ཅིང་། ཞི་ཅིན་ཕིན་ལ་དཔོན་རིགས་ཡོངས་ཀྱིས་ཐལ་མོ་བརྡབ་ནས་དགའ་བསུ་བྱེད་ཀྱིན་པའི་ཁྲོད་དུ་སྲིད་བློན་ཟུར་བ་ཀྲུའུ་རོང་ཅི་ནས་ཐལ་མོ་བརྡབ་ཀྱི་མེད་པ་བཅས་དང་། གསུམ། དུས་ཚོད་གསུམ་དང་སྐར་མ་ཉི་ཤུའི་རིང་ཚོགས་ཞུགས་པ་ཡོངས་གཅིན་ཐོག་ལ་སོང་མེད་པ་དང་། ལྷག་པར་མཐོ་རིམ་དཔོན་རིགས་ཟུར་བ་རྒས་འཁོག་ཚོས་ཚོགས་ཐོག་ཏུ་གཅིན་ཁུག་བེད་སྤྱོད་བཏང་ཡོད་མེད་བཅས་དོ་སྣང་བྱེད་ཡུལ་སྣ་འཛོམས་རང་བཞིན་ཅན་དུ་གོ་ཆོག་པར་འདོད།

དྲི་བ། ཕྱི་སྡོད་བོད་མི་སྨྱུག་འཛིན་པ་དང་ཆབ་སྲིད་པ་ཚོའི་ཁྲོད་དུ་རྒྱ་ནག་དམར་ཤོག་ཚོགས་ཆེན་དང་འབྲེལ་བའི་དཔྱད་རྩོམ་འབྲི་མཁན་དང་དོ་སྣང་བྱེད་མཁན་དེ་ཙམ་མེད་པའི་སྣང་ཚུལ་འདུག དེའི་རྒྱུ་རྐྱེན་ག་རེ་རེད་བསམ་གྱི་ཡོད།

ལན། ངས་གཅིག་མཐོང་སོང་། དེ་ནི་སྐུ་ཞབས་སངས་རྒྱས་སྐྱབས་ལགས་ཀྱིས་རྒྱ་ཡིག་གི་དྲ་རྒྱ་༼ཀྲུང་གོའི་དམངས་གཙོ་༽ཞེས་པའི་སྟེང་དུ་༼རྒྱ་ནག་དམར་ཤོག་ཆོགས་ཆེན་ ༡༩ བའི་སྔ་རྗེས་ཀྱི་བོད་དོན་༽འགོ་བརྗོད་དུ་བཀོད་པའི་རྩོམ་ཡིག་ཅིག་སྤེལ་འདུག་ལ། རྒྱ་ཡིག་གི་འཇིག་རྟེན་དུ་བོད་མི་རང་གི་བསམ་ཚུལ་སླེབས་ཐུབ་ཡོད་པར་མ་ཟད། ཀློག་མཁན་ཡོངས་ཀྱི་སེམས་ནང་དུའང་བོད་ཀྱི་ལྟ་ཕྱོགས་སྤེལ་ཐུབ་ཡོད། གཞན་དབྱིན་ཡིག་དང་བོད་ཡིག་ནང་འདི་ལྟ་བུའི་དཔྱད་བརྗོད་སྤེལ་མཁན་མཐོང་མ་བྱུང་། དེ་ལ་རྒྱུ་དང་རྐྱེན་སྣ་ཚོགས་ཤིག་ཡོད་སྲིད་མོད། གཙོ་བོ་གནད་དོན་གསུམ་ལ་ཐུག་འདུག་བསམ། ༡ མི་ཁག་ཅིག་ལ་མཐུན་རྐྱེན་འཛོམས་ཀྱང་ཧ་གོ་གི་མེད་པ། ༢ མི་ཁག་ཅིག་གིས་ཧ་གོ་ཡང་མཐུན་རྐྱེན་མ་འཛོམས་པར་ལྷག་པ། ༣ མི་ཁག་ཅིག་ལ་མཐུན་རྐྱེན་འཛོམས་ཤིང་ཧ་ཡང་གོ་མོད། དགོས་དབང་འོག་རང་གཅུན་བྱེད་དགོས་པར་ཐུག་པ། ཕྱོགས་འདི་ནས་ལྟ་སྐབས། ༡ དང་ ༣ གྲངས་འབོར་ཉུང་ཤོས་དང་ ༢ གྲངས་འབོར་ཅུང་མང་ཤོས་སུ་སྣང་བར་མ་ཟད། ལྟ་རྒྱ་མཐོང་རྒྱ་ཡོད་ཤོས་དང་ཡིག་རིགས་སྣ་མང་ཤེས་མཁན་ཡང་རེད། ཡིན་ནའང་མི་འདི་དག་ནམ་རྒྱུན་ཁ་རྒྱབ་གསོ་སླད་ལས་ཀའི་འོག་ནས་ཐར་གྱི་མེད་ལ། དུས་ཚོད་ལྷག་མ་ཁྱོན་ནས་རག་གི་མེད། དེ་ནི་བོད་རང་ངོས་ནས་གཞན་ལ་རང་འདུན་བཤད་པ་དང་བོད་རང་ལ་གཞན་གནས་ལེན་པར་གྱོང་གུད་ཚབས་ཆེན་ཞིག་ཆགས་ཀྱི་ཡོད་པས། གནད་དོན་འདི་སེལ་དགོས་ན་མི་འདི་དག་ལ་ཆེས་མ་མཐའི་འཚོ་རྟེན་མཁོ་སྤྲོད་བྱེད་ཐུབ་པ་བཟོ་དགོས་ཀྱི་ཡོད། དེ་བས། བཙན་བྱོལ་ནང་གི་བླ་མ་ཆེ་ཁག་དང་ཚོང་པ་ཆེ་ཁག་མཉམ་རུབ་ཀྱིས་མང་ཚོགས་ལ་སྣེ་ཁྲིད་དེ་ཐེབས་རྩ་ཞིག་བཙུགས་ཏེ། མི་འདིའི་རིགས་ལས་ཀར་འགྲོ་མ་དགོས་པར་ཡི་གེ་ཡི་ལས་ཀ་ཁོ་ནར་འཇུག་ཆོག་པའི་མཐུན་རྐྱེན་སྦྱོར་ཐུབ་ན་ད་གཟོད་གནད་དོན་འདི་རིམ་པས་སེལ་ཐབས་ཡོད་པར་མ་ཟད། བརྡ་འཕྲིན་གྱི་དུས་རབས་ནང་དུ་བོད་དོན་སྤྱི་དང་ཆོས་རིག་ཁྱབ་བརྡལ་ལའང་བསྐུལ་འདེད་ཀྱིས་འཕེལ་རྒྱས་གསར་པ་ཞིག་བསྐྲུན་ཐུབ་ངེས་རེད་སྙམ། དེ་ལྟའི་གནས་སྟངས་ཤིག་འབྱུང་སྲིད་པར་རེ་བའང་རྒྱག་གི་ཡོད།

གསར་འགོད་པ། པདྨ་རྒྱལ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༡༠/༢༤

Leave a Reply

5 thoughts on “དཔོན་རིགས་འཕོ་འགྱུར་ཙམ་གྱིས་རྒྱ་ནག་དམངས་གཙོར་འགྱུར་མི་སྲིད།

  1. མི་འདིའི་སྐད་ཆར་ངར་ཞིག་ཡོད་ཀི ད་ལྟའི་དུས་ཚོད་འདིར་ཆབ་སྲིད་སྐབས་འཚོལ་བ་གྲོག་མ་ཚོ་ལས་ཁུ་སིམ་མེར་དམར་གཞུང་ལ་ཉམས་ཞིབ་བྱས་འདུག་མཁན་ཚོར་ལྟད་མོ་འདུག ཐུགས་རྗེ་ཆེ།