ཞི་ཡི་རྒྱལ་ཁ་དང་རྒྱལ་སྤྱིའི་སེམས་ཁྲལ།

ཞི་ཅིན་ཕིན་གྱི་སྲིད་དབང་སྐབས་གཉིས་པ་གཏན་འབེབ་བྱུང་རྗེས་བྱང་ཀོ་རི་ཡའི་སྲིད་འཛིན་ཀེམ་ཇོང་ཨན་དང་ཨ་རིའི་སྲིད་འཛིན་ཊི་རུམ་ཕི་གཉིས་ཀྱིས་སྔ་རྗེས་སུ་འཚམས་འདྲི་བྱས་ཡོད་འདུགཁ་སང་ཞི་ཅིན་ཕིན་གྱི་སྲིད་དབང་སྐབས་གཉིས་པ་གཏན་འབེབ་བྱས་པ་དང་འབྲེལ། ད་རིང་ཨ་རིའི་སྲིད་འཛིན་ཊི་རུམ་ཕི་ཡིས་ཁ་པར་བརྒྱུད་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལ་འཚམས་འདྲི་གནང་ཡོད་པ་དང་འབྲེལ་ཊི་རུམ་ཕིས། ཞི་ཅིན་ཕིན་ནི་མི་དབང་ཤུགས་ཅན་ཞིག་ཡིན་པར་མ་ཟད། ཁོ་ཧ་ཅང་གི་མི་ཡག་པོ་ཞིག་རེད། མི་ཤ་ཁས་ཀྱིས་ཞི་ནི་རྒྱ་ནག་གི་རྒྱལ་པོ་རེད་ཅེས་བཤད་ཀྱང་། སྲིད་འཛིན་གྱི་མིང་ཐོག་ནས་ངེད་གཉིས་བར་འབྲེལ་ལམ་ཡག་པོ་ཡོད་ལ། དེ་ནི་བཟང་ཕྱོགས་ཀྱི་འབྲེལ་ལམ་ཞིག་ཡིན་སྟབས། ཨུ་རུ་སུ་གཙོས་པའི་རྒྱལ་ཁབ་གཞན་དག་ལའང་དེ་ལྟ་བུའི་འབྲེལ་ལམ་བྱུང་ན་ཧ་ཅང་ཡག་པོ་འདུག ཅེས་བཤད་ཡོད་འདུག

དེ་བཞིན། ཊུམ་ཕི་ཡིས་ཁ་པར་མ་བཏང་སྔོན་གྱི་ཆུ་ཚོད་གཅིག་གི་གོང་དུ། བྱང་ཀོ་རི་ཡའི་སྲིད་འཛིན་ཀེམ་ཇོང་ཨན་གྱིས་ཀྱང་ཞི་ཅིན་ཕིན་ལ་འཚམས་འདྲིའི་གློག་འཕྲིན་ཞིག་བཏང་ཡོད་པ་དང་། དེའི་ནང་དུ་བློ་མཐུན་ཞི་ཅིན་ཕིན་དཀྱིལ་སྙིང་ཡིན་པའི་རྒྱ་ནག་གུང་ཁྲན་ཏང་གི་མགོ་འཁྲིད་ཚོས་སྣེ་འཁྲིད་འོག རྒྱ་ནག་མི་མང་དུས་རབས་གསར་པའི་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་མདུན་སྐྱོད་ལམ་དུ་བསླེབས་ཡོད་པ་དང་། རྒྱ་ནག་དམར་ཤོག་སྐབས་བཅུ་དགུ་པའི་རྒྱལ་ཡོངས་ཚོགས་ཆེན་ཐོག་བྱ་བའི་ལས་འགན་རེ་རེ་བཞིན་བཏོན་ཡོད་སྟ་བས། ངས་མགོ་འཁྲིད་ཁྱེད་ཚོས་ལས་འགན་ཆེན་པོ་འདི་དག་གི་ཁྲོད་རླབས་ཆེན་གྱི་འགྲུབ་འབྲས་ལེན་ཐུབ་པའི་སྨོན་ལམ་བརྒྱབ་བཞིན་ཡོད། ཅེས་དང་། ཏང་ཁག་གཉིས་དང་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་དེ་མ་འོངས་པར་ཕྱོགས་གཉིས་ཀྱི་མི་མང་གི་ཁེ་ཕན་དང་བསྟུན་ནས་མུ་མཐུད་འཕེལ་རྒྱས་འགྲོ་ཐུབ་པར་ང་རང་ཡིད་ཆེས་ཡོད། ཅེས་བརྗོད་འདུག་ཀྱང་། རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱིས་བྱང་ཀོ་རི་ཡས་བཟོས་པའི་ཨ་རྒྱ་གཉིས་ཀྱི་སེམས་ཁྲལ་དེ་འཆར་ཟླ་ ༡༡ པའི་ནང་ཊི་རུམ་ཕི་རྒྱ་ནག་ནང་རྒྱལ་དོན་སྐོར་སྐྱོད་སྐབས་གླེང་སློང་བྱ་རྒྱུ་ཡིན་ལ། སྐབས་དེར་རྒྱ་ནག་གིས་ཕྱོགས་གང་ལ་རྒྱབ་རོགས་བྱེད་མིན་གསལ་བོ་ཆགས་སྲིད་སྐོར་སོགས་བརྗོད་འདུག

ཨ་རིའི་ཚོང་དོན་ལྷན་ཁང་གི་དྲུང་ཆེ་རའོ་སི་ (Ross) ཟེར་བ་ཞིག་གིས། ཊི་རུམ་ཕི་དང་ཞི་ཅིན་ཕིན་གཉིས་ཀྱིས་དུས་རྒྱུན་ཁ་པར་ལམ་ནས་འབྲེལ་མོལ་བྱེད་ཀྱི་ཡོད་སྟབས། ཨ་རིའི་གཞུང་སྔོན་མ་དང་བསྡུར་ན་ཞི་ཅིན་ཕིན་དང་ཊི་རུམ་ཕི་གཉིས་བར་འབྲེལ་ལམ་ཡག་པོ་ཡོད་ཀྱང་། ད་ཆར་ཞི་ཅིན་ཕིན་གྱིས་རྒྱ་ནག་གི་གཙོ་འཛིན་ཟུར་བ་མའོ་ཙེ་ཏུང་གི་གོ་དབང་ཟིན་གྱི་ཡོད་སྟབས། ཨ་རྒྱ་གཉིས་བར་གྱི་མ་འོངས་འབྲེལ་ལམ་གནས་སྟངས་ཅི་འདྲ་ཆགས་མིན་རྟོགས་དཀའ་བ་ཞིག་ཡིན་ལ། ཁ་སང་གཟའ་ལྷག་པའི་ཕྱི་དྲོར་ཊི་རུམ་ཕི་དང་ཞི་ཅིན་ཕིན་གཉིས་ཀྱིས་ཕྱོགས་གཉིས་བར་གྱི་ཉོ་འཚོང་དང་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་དཀའ་རྙོག་སྐོར་ཡང་གླེང་སློང་བྱས་ཡོད་པ་རེད། ཅེས་བརྗོད་འདུག

སི་ཨན་ཨན་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། རྒྱ་ནག་འཐུས་མིའི་ཚོགས་ཆེན་ཐེངས་ ༡༩ པ་དང་འབྲེལ་ཏེ་ཨ་རིའི་སྲིད་འཛིན་ཊི་རུམ་ཕི་དང་འཇར་མན་སྲིད་བློན་ཨན་གྷི་ལ་མར་ཁིལ་(Angela Merkel)མཆོག དབྱིན་ཇིའི་སྲིད་བློན་ཐི་རི་སཱ་མཱེ་(Theresa May)སོགས་ལ་དངངས་འཚབ་ཆེན་པོ་བསླངས་ཡོད་པར་མ་ཟད། རྒྱལ་ཁབ་བརྟན་ལྷིང་དང་དཔལ་འབྱོར་བདེ་འཇགས་ཡོང་ཆེད། ཐ་ན་ཨུ་རུ་སུའི་སྲིད་འཛིན་ཕི་ཊེན་གྱིས་ཀྱང་ཞི་ཅིན་ཕིན་གཞུང་ལ་རང་བསྟོད་ཀྱི་སྐད་ཆ་བཤད་ཐུབ་མེད་པ་དང་། དེ་སྔོན་ཨ་རིའི་རྒྱལ་ཁབ་ནི་འཛམ་གླིང་ལ་སྣེ་འཁྲིད་པའི་རྒྱལ་ཁབ་ཅིག་ཆགས་ཡོད་ནའང་། ཞི་ཅིན་ཕིན་གྱི་སྲིད་དབང་སྐབས་གཉིས་པ་གཏན་འབེབ་བྱུང་བ་ནི། ད་ལྟ་རྒྱ་ནག་གིས་འཛམ་གླིང་ལ་སྣེ་འཁྲིད་པའི་གོམ་པ་དང་པོ་ཆགས་ཀྱི་ཡོད་པ་དང་། གསར་དུ་གཏན་འབེབ་བྱས་པའི་ལི་ཀྲན་ཧྲུའུ་དང་ཝང་ཧུ་ནིན་གཉིས་ཀྱི་རམ་འདེགས་འོག ཞི་ཅིན་ཕིན་གྱིས་རྒྱ་ནག་གི་ཕྱི་འབྲེལ་སྲིད་བྱུས་ཀྱི་སྟོབས་ཤུགས་ཇེ་ཆེར་གཏོང་འདོད་ཡོད་པ་དང་། དེ་ཡང་ལི་ཀྲན་ཧྲུའུ་དེ་སྔོན་ཞི་ཅིན་ཕིན་དང་ལྷན་དུ་ཨ་རི་དང་ཨུ་རུ་སུའི་ནང་རྒྱལ་དོན་སྐོར་སྐྱོད་བྱས་མྱོང་ཡོད་སྟབས། ཁོ་རྒྱ་ནག་གི་ཕྱི་འབྲེལ་སྲིད་བྱུས་ཐད་ཀྱི་གནད་ཡོད་མི་སྣ་ཞིག་ཡིན་པ་དང་། ཝང་ཡཱང་ནི་རྒྱ་ནག་གི་རྙིང་ཞེན་དང་དབང་སྒྱུར་སྲིད་བྱུས་ཐད་ཀྱི་གནད་ཡོད་དཔོན་རིགས་ཤིག་ཡིན་ཞིང་། ཁོས་དེ་སྔོན་ནས་ཞི་ཅིན་ཕིན་གྱི་སྲིད་དབང་འོག རྒྱ་ནག་གི་ཆབ་སྲིད་དཔལ་འབྱོར་དང་རྒྱལ་ཞེན་རིང་ལུགས་ཀྱི་ལྟ་བ་ལྟེ་བར་བཟུང་ཡོད་པ་དང་།  དེ་བཞིན་ཨ་རི་དང་རྒྱ་གར་གཙོས་པའི་ཕྱིའི་རྒྱལ་ཁབ་ཁག་གི་ཕྱི་འབྲེལ་སྲིད་བྱུས་ཐད་ནས་ཡཱང་ཅི་ཁྲི་ཟེར་བ་དེ་གནད་ཡོད་དཔོན་རིགས་ཆགས་ཀྱི་ཡོད་པ་དང་། པེ་ཅིན་གཞུང་གིས་རྒྱ་ནག་ལྷོ་རྒྱུད་མཚོ་ཁུལ་གྱི་གླིང་ཕྲན་མང་པོ་འཛུགས་སྐྲུན་བྱས་རྐྱེན། དེ་སྔོན་ཨ་རི་དང་དབྱིན་ཇི། ཧྥི་ལེ་ཕིན་དང་ཨོ་སི་ཊོ་ལེ་ཡ་སོགས་འབྲེལ་ཡོད་རྒྱལ་ཁབ་ཁག་པེ་ཅིན་གཞུང་གི་ཁ་གཏད་དུ་ལངས་ཏེ། རྒྱལ་སྤྱིའི་མཚོ་འགྲུལ་རང་དབང་དང་མཚོ་ཁུལ་བདག་དབང་རྩོད་ལེན་བྱེད་ཀྱི་ཡོད་ནའང་། ད་ཆར་ཊི་རུམ་ཕི་གཞུང་ལ་མཚོན་ན། རྒྱ་ནག་ལྷོ་རྒྱུད་ཀྱི་མཚོ་འགྲུལ་རང་དབང་གི་རྩོད་གླེང་དེ་ཕྱོགས་གཉིས་བར་གྱི་གནད་དོན་ཆེན་པོ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་མེད་པ་དང་། ཉེ་ལམ་ནས་ཞི་ཅིན་ཕིན་གཞུང་གིས་འབྲེལ་ཡོད་རྒྱལ་ཁབ་ཁག་གི་ཕྱིར་ཚོང་ཁེ་ལས་བཀག་སྡོམ་བྱས་ཏེ་དྲག་ཆས་དམག་དཔུང་གི་དམག་ཤུགས་རྒྱ་བསྐྱེད་དེ། ཤར་ཨེ་ཤ་ཡའི་མངའ་ཁོངས་དང་ལྷོ་རྒྱུད་མཚོ་ཁུལ་གྱི་མངའ་ཁོངས་འཛུགས་སྐྲུན་དང་བཙན་བཟུང་བྱེད་བཞིན་ཡོད་སྐོར་བརྗོད་འདུག

གཞན་ཡང། རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱི་གནས་ཚུལ་ནང་། རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་འགན་འཛིན་ཝང་ཆི་ཧྲན་གྱི་ཚབ་ཏུ་ཀྲོ་ལི་ཅི་གཏན་འབེབ་བཟོས་པ་དེས། མ་འོངས་པར་ཞི་ཅིན་ཕིན་གྱི་ལྐག་ཟ་རུལ་སུངས་གཙང་བཤེར་ལས་འགུལ་གྱི་ནུས་ཤུགས་ཇེ་ཆེར་འགྲོ་རྒྱུ་ཡིན་པ་དང་། ལི་ཀྲན་ཧྲུའུ་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་གཙོར་གཏན་འབེབ་བཟོས་པ་དེས། འབྱུང་འགྱུར་ལོ་ལྔའི་རིང་ཞི་ཅིན་ཕིན་གྱི་སྲིད་དབང་སྲ་བརྟན་ཡོང་རྒྱུ་ཡིན་སྐོར་བརྗོད་འདུག

ཟླ་རྗེས་མའི་ཚེས་ ༨ ནས་ ༡༠ བར་ཨ་རིའི་སྲིད་འཛིན་ཊི་རུམ་ཕི་རྒྱ་ནག་ནང་རྒྱལ་དོན་སྐོར་སྐྱོད་བྱ་འཆར་ཡོད་པ་དང་། ཕྱི་ཚེས་ ༡༠ ཉིན་ཝེ་ཋི་ནམ་གྱི་གྲོང་ཁྱེར་ཌ་ནཱང་ (Danang) ནང་འཚོགས་འཆར་ཡོད་པའི་ཨེ་ཤ་ཡ་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་སྐོར་གྱི་མཐོ་རིམ་དཔོན་རིགས་ཚོའི་གྲོས་མོལ་ཚོགས་ཆེན་ (Apec CEO) དང་། ཤར་ཨེ་ཤ་ཡའི་མཐོ་རིམ་དཔོན་རིགས་ཀྱི་གྲོས་མོལ་ཚོགས་ཆེན་ (EAS) གཉིས་ཀྱི་ཐོག་མཉམ་ཞུགས་བྱ་འཆར་ཡོད་པ་དང་། ཚོགས་ཆེན་དེ་གཉིས་ཀྱི་ནང་ཨོ་སི་ཊོ་ལེ་ཡ་དང་རྒྱ་ནག རྒྱ་གར། ཉི་ཧོང་། ནེའུ་རྫི་ལན་ཌི། ལྷོ་ཀོ་རི་ཡ། ཨུ་རུ་སུ། ཨ་རི་སོགས་ཀྱི་དབུ་འཁྲིད་ཚོ་མཉམ་ཞུགས་བྱ་རྒྱུ་ཡིན་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༡༠/༢༦

Leave a Reply