དཔེ་ཀློག་གི་སྐྱ་རེངས་དང་བྱིས་པའི་སྒྲུང་དེབ།

དཔེ་སྟོན་སློབ་གྲྭའི་བོད་དགེ། བསམ་གྲུབ།

དཔེ་ཀློག་ནི་མིའི་རིགས་ཀྱི་ཤེས་རིག་དར་རྒྱས་སུ་འགྲོ་བའི་ཐབས་ལམ་ཉག་ཅིག་ཡིན།   འོན་ཀྱང་བོད་པའི་སྤྱི་ཚོགས་ནང་དུ་ཡོང་ཁྱབ་ཐོག་དཔེ་ཀློག་གི་གོམས་གཤིས་ཧ་ཅང་ཞན་པའི་དབང་གིས་གསར་སྐྱེས་གཞོན་རབས་རྣམས་ལ་ཡང་དེ་ལྟའི་ངན་ཤན་བཞུགས་པ་ལ་བརྟེན་ནས་དགེ་རྒན་གྱི་སློབ་ཁྲིད་སྐབས་ཇི་ཙམ་ཤེས་པ་ཙམ་ལས་རང་ཉིད་ཀྱི་དཔེ་ཀློག་ལ་བརྟེན་ནས་ཤེས་བྱ་གོང་འཕེལ་གཏོང་མཁན་ཧ་ཅང་ཉུང་བ་དེས། ཤེས་ཡོན་སྤྱི་དང་ཁྱད་པར་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་ཐད་ནུས་པ་ཆེན་པོ་ཐོན་གྱི་མེད་པ་དེ་ནི་སྐད་ཡིག་སློབ་གསོའི་ཐད་དོ་སྣང་ཡོད་མཁན་ཞིག་ཡིན་ཚེ་གསལ་པོར་མཁྱེན་ངེས།

དེ་ལྟར་ནའང་ཉེ་བའི་དུས་ཚོད་ནང་ཕྲན་རང་སློབ་གྲྭ་གང་མང་ཞིག་ལ་འགྲོ་རྒྱུའི་གོ་སྐབས་བྱུང་ཞིང་། དེའི་སྐབས་སུ་སྔར་གྱི་རྣམ་པ་ལས་ཡོང་སུ་ཐ་དད་པའི་མཐོང་ཚུལ་གསར་པ་ཞིག་བྱུང་བ་དེ་ནི། དམའ་རིམ་འཛིན་གྲྭའི་སློབ་ཕྲུག་མང་པོའི་ལག་ཏུ་ཤེས་རིག་ལས་ཁུངས་ནས་བཏོན་པའི་བོད་ཡིག་གི་སྒྲུང་དེབ་མང་པོ་མཐོང་རྒྱུ་འདུག   ངས་སློབ་ཕྲུག་མང་པོར་སྒྲུང་དེབ་དེ་ཚོའི་སྐོར་ནས་སྐད་ཆ་དྲིས་པ་ཡིན། སྐབས་དེ་དུས་སློབ་ཕྲུག་ལ་ལས་ད་ཆ་བོད་ཡིག་སྒྲུང་དེབ་སྙན་པོ་དེ་འདྲ་མང་པོ་སླེབས་ཡོད་པས་ང་ཚོ་ཀློག་འདོད་འདུག ཟེར་བ་དང་། ལ་ལས་དེང་སང་ཨིན་ཡིག་ཀློག་རྒྱུ་ལས་བོད་ཡིག་སྒྲུང་དེབ་ཀློག་རྒྱུར་དགའ་བ་ཆགས་ཀྱི་འདུག་ཟེར་བ་སོགས་ལོ་ཆུང་བྱིས་པའི་ཁ་ནས་སྐད་ཡིག་ལ་དགའ་ཞེན་དང་། དཔེ་ཀློག་གི་གོམས་གཤིས་མགོ་ཚུགས་ཡོང་བའི་བཀྲ་ཤིས་ཀྱི་སྐྱ་རེངས་ཤར་བཞིན་པའི་འཚོར་སྣང་རྣལ་མ་ཞིག་བྱུང་།

སྤྱིར་བཏང་བྱིས་པའི་དཔེ་ཀློག་ནི་སྒྲུང་ནས་མགོ་འཛུགས་དགོས་ཤིང་། བྱིས་པ་སྒྲུང་ལ་དགའ་བའི་གནད་དོན་དེ་བོད་ཀྱི་སྲོལ་རྒྱུན་སློབ་གསོ་དང་དེང་རབས་བྱིས་པའི་སློབ་གསོའི་ཞིབ་འཇུག་པ་ཚང་མའི་ནང་ཡོངས་གྲགས་ཀྱི་གནད་དོན་ཞིག་རེད།

དེར་བརྟེན་ད་ལྟའི་ཆར་ཚོགས་པ་འདྲ་མིན་དང་མི་སྒེར་མང་པོས་བྱིས་པའི་སྒྲུང་དེབ་ལ་དོ་ཁུར་གྱིས་བྱིས་པའི་སྒྲུང་དེབ་གསར་རྩོམ་དང་། རྩོམ་སྒྱུར་བྱས་དང་བྱེད་བཞིན་པ་མ་ཟད། དམིགས་བསལ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་ཉེ་བའི་ལོ་གཉིས་གསུམ་ནང་ནུས་ཤུགས་གང་ཡོད་ཀྱིས་རྣམ་པ་དང་ནང་དོན་གང་ཐད་ནས་སྤུས་ཚད་ལྡན་པའི་སྒྲུང་དེབ་གང་མང་བཏོན་པ་དེ་ནི་བོད་ཀྱི་སྐད་ཡིག་སློབ་གསོའི་ཐོག་རྣག་ཐོག་བཙགས་འཁེལ་ལྟ་བུའི་ཕན་ཐོགས་རླབས་ཆེན་བྱུང་འདུག་པ་ནི། སློབ་གྲྭ་ཁག་གི་སློབ་ཕྲུག་དང་དགེ་རྒན་ཚང་མས་མགྲིན་གཅིག་ཏུ་གླེང་བཞིན་འདུག

ཤེས་ཚོད་ལྟར་བྱས་ན་ད་ལྟའི་བར་སྡེ་ཚན་མི་འདྲ་བ་ནས་ད་བར་བྱིས་པའི་སྒྲུང་དེབ་ཉིས་བརྒྱ་དགུ་བཅུར་ཉེ་བ་བཏོན་འདུག་ཀྱང་སློབ་ཕྲུག་ཚོའི་ཀློག་འདོད་ཀྱི་འདུན་པ་ད་དུང་བསྐང་ཐུབ་མེད་པར་བརྟེན་སྔར་བཞིན་བྱིས་པའི་སྒྲུང་དེབ་ཐོག་ལས་དོན་མུ་མཐུད་སྤེལ་གལ་ཆེ་བར་མཐོང་།   རྒྱུ་མཚན་ནི་བྱིས་པའི་སྒྲུང་དེབ་དེ་ཚོའི་རིགས་ལ་ཡི་གེ་ཧ་ཅང་ཉུང་ཉུང་ལས་མེད་པས་ཁོང་ཚོས་དཔེ་མཛོད་ཀྱི་ཚོགས་ཐུན་གཅིག་ཁོ་ནར་ཡང་སྒྲུང་དེབ་དགུ་བཅུ་ཀློག་ཐུབ་ཀྱི་ཡོད་པ་དང་།   དཔེ་ཀློག་ཁུག་པ།(reading corner)ཡོད་པའི་འཛིན་ཁང་དེ་ཚོའི་ནང་སློབ་ཕྲུག་ཀྱིས་དུས་ཚོད་སྟོང་པ་ནམ་ཡིན་ལ་ཀློག་ཆོག་པས་ཉིན་རེར་དེ་བས་མང་བའི་སྒྲུང་དེབ་ཀློག་ཐུབ་ངེས་རེད།   འོན་ཀྱང་བྱིས་པ་ཚོ་ནི་གསར་འགྲོགས་ཆེ་བས་སྒྲུང་དེབ་གསར་པ་གང་ཡིན་ཀློག་འདོད་བྱེད་པ་ལས་རྙིང་པ་ཞིག་ཡང་བསྐྱར་ཀློག་འདོད་མི་བྱེད།

བྱིས་པའི་སྒྲུང་དེབ་གསར་རྩོམ་བྱེད་པའི་སྐབས་སུ་གལ་འགངས་ཆེ་བའི་གནད་དོན་ཁག་གཉིས་ལ་རྩོམ་པ་པོས་གདམས་གསེས་བྱེད་དགོས་པ་སྟེ། དང་པོ། སྒྲུང་དེ་གཙོ་བོ་སྐད་ཡིག་ཡར་རྒྱས་གལ་ཆེར་བཟུང་ནས་འབྲི་རྒྱུ་ཡིན་ནམ་ཡང་ན་བསླབ་བྱ་ཟབ་ནན་ཞིག་ཐོབ་ཕྱིར་འབྲི་རྒྱུ་གཙོ་བོ་འཛིན་རྒྱུ་ཡིན་པ་ཐག་གཅོད་བྱེད་དགོས།

གཉིས་པ། སྒྲུང་དེབ་ཀློག་པ་དེ་ཤེས་ཡོན་སྦྱོང་བའི་ངོས་འཛིན་གྱི་ཐོག་ནས་འབྲི་རྒྱུ་ཡིན་ནམ་ཡང་ན། སྐྱིད་པོ་གཏོང་ཆེད་དུ་སྒྲུང་ཀློག་པ་ངོས་འཛིན་གྱི་ཐོག་ནས་འབྲི་རྒྱུ་ཡིན་ཐག་གཅོད་བྱེད་དགོས།

གོང་ཞུས་གནད་དོན་གཉིས་ལ་གདམས་ཀ་མ་ནོར་བ་ཞིག་བྱུང་ན་རང་ཉིད་ཀྱིས་བྲིས་པའི་སྒྲུང་དེབ་ལ་བྱིས་པས་དགའ་མོས་བྱེད་མིན་ལ་ཁྱད་པར་ཤུགས་ཆེ་འགྲོ་རྒྱུ་སྨྲོས་མེད་རེད།

དེས་ན་འདིར་ཁོང་ཚོའི་དགའ་ཕྱོགས་དང་སྒྲུང་དེབ་ཀྱི་འབྲེལ་བའི་ཐད་ཀྱི་གནད་དོན་འགའ་ཞིག་ནི།

༡ བྱིས་པས་རང་ཉིད་ཀྱི་འཚོ་བ་དང་ཐག་ཉེ་བའི་སྒྲུང་དེབ་ཀྱི་རིགས་ལ་དགའ་པོ་བྱེད།   རྒྱུ་མཚན་ནི་ཁོང་ཚོས་རང་ཉིད་སྒྲུང་དེའི་ནང་གི་མི་སྣ་གང་རུང་ཞིག་ཡིན་པ་འམ་ཡང་ན་རང་ཉིད་ལ་གནས་ཚུལ་དེ་འདྲ་བྱུང་ཟིན་དང་འབྱུང་རྒྱུའི་བསམ་པ་དང་སྦྱར་ནས་སྒྲུང་གི་ནང་དོན་ལ་རོལ་མྱོང་བྱེད་ཐུབ་ཀྱི་ཡོད།   དཔེར་ན།<<ཕྲེང་བ་འཚོལ་བ། >>ལྟ་བུ།

༢ བྱིས་པས་འཆར་ཡན་དང་འབྲེལ་བའི་སྒྲུང་དེབ་ལ་དགའ་མོས་བྱེད།   རྒྱུ་མཚན་ནི་ཁོང་ཚོ་ཡ་མཚན་གྱི་གནས་ཚུལ་རིགས་ལ་དགའ་ཞིང་དཀའ་ངལ་དང་འཇིགས་སྐྲག། འགྱུར་ལྡོག་སོགས་བསམ་ཡུལ་ལས་འདས་པའི་དོན་རྐྱེན་གྱི་མཇུག་འབྲས་ལ་ཁོ་ཚོས་ཤེས་འདོད་ཀྱི་འདུན་པ་དེས་རྐྱེན་བྱས་ཏེ་དེ་འདྲའི་རིགས་ཀྱི་སྒྲུང་དེབ་ལ་དགའ་མོས་བྱེད། དཔེར་ན་བསྒྱུར་སྒྲུང་<<ང་དོམ་ཡིན།>>ཞེས་པ་དང་།<<སྟག་ལྤགས་ཀྱི་གདན།>>ལྟ་བུ།

༣ བྱིས་པས་རྩེད་མོ་དང་འབྲེལ་བའི་སྒྲུང་དེབ་ལ་དགའ་མོས་བྱེད། རྒྱུ་མཚན་ནི་བྱིས་པ་རྣམས་རྩེད་མོར་དགའ་བས་སྒྲུང་ནང་གི་རྩེད་མོ་རྩེ་སྟངས་ཤེས་འདོད་བྱེད་པའམ་རྩེད་མོ་དེའི་སྤྲོ་སྣང་རང་ཉིད་ཀྱིས་མཉམ་དུ་ལོངས་སྤྱོད་བྱེད་ཐུབ་པ་ལས་ཁོང་ཚོས་རྩེད་མོའི་སྐོར་གྱི་སྒྲུང་དེབ་ལ་དགའ་མོས་བྱེད། དཔེར་ན། <<ཨ་ལ་པད་ཀོ་>>དང་<<ཐེབས་པད་>>ལྟ་བུ།

༤ བྱིས་པས་མཚར་གཏམ་དང་ཆོབ་ཀྱི་རིགས་ལ་དགའ་པོ་བྱེད། རྒྱུ་མཚན་ནི་ཁོང་ཚོས་མི་ལ་བགད་མོ་སློང་ཐུབ་ན་སོ་སོའི་གཟི་བརྗིད་བརྩི་བ་དང་། རང་ཉིད་ཀྱང་བགད་མོ་བགད་རྒྱུ་བྱུང་ན་སྤྲོ་སྣང་ཆེན་པོ་ཡོང་གི་ཡོད། དཔེར་ན།<<དཔལ་སྒྲོན་དང་གསལ་སྒྲོན་>>ལྟ་བུ་དང་། <<མཚར་གཏམ་>>དེབ་གང་བཏོན་པ་དེ་དག་ཕྲུ་གུ་མང་པོས་ལྟ་ཀློག་བྱས་འདུག

༥ བྱིས་པས་སེམས་ཅན་གྱི་སྒྲུང་གི་རིགས་ལ་དགའ་མོས་བྱེད། དེའི་རྒྱུ་མཚན་ཡང་བྱིས་པ་རྣམས་སེམས་ཅན་ལ་དགའ་ཞེན་ཆེ་ལ་བོད་པ་རང་གི་སེམས་ཁམས་ནས་བྱམས་སྙིང་རྗེའི་ཤུགས་རྐྱེན་ཅིག་དང་། ཕྱི་ལུགས་ཀྱི་གཅེས་ཉར་སྲོག་ཆགས་ཀྱི་དར་སྲོལ་ལ་དཔེ་ལྟ་བ་གང་ལྟར་ཡང་ཁོང་ཚོས་རང་ཉིད་ཀྱིས་ཁྱི་ཕྲུག་དང་ཞིམ་ཕྲུག་སོགས་ཉར་རྒྱུར་དགའ་པོ་བྱེད་པར་བརྟེན་དེ་དག་དང་འབྲེལ་བའི་སྒྲུང་ལ་དགའ་མོོས་བྱེད་བཞིན་ཡོད། དཔེར་ན།<<ཞི་མིས་ཁོར་ཡུག་སྲུང་སྐྱོབས་བྱེད་པ།>>དང་། <<སེང་ཕྲུག་ས་དོང་ནང་དུ་ལྷུང་བ།>><<བུ་མོ་ལྷ་མོ་དང་ཞི་མི་ཨ་མོ།>>སོགས་རེད།

གོང་ཞུས་རྣམས་ལོ་ཆུང་བྱིས་པ་རྣམས་ཀྱིས་དགའ་མོས་བྱེད་པའི་སྒྲུང་གི་རིགས་ཡིན་ཞིང་། དེ་ལྟའི་སྒྲུང་གི་རིགས་ལ་དགའ་མོས་བྱེད་པ་ལས། རྒྱལ་རབས་དང་། བསླབ་བྱའི་ནང་དོན་ཅན་གྱི་སྒྲུང་ལ་དགའ་པོ་བྱེད་ཀྱི་མེད་པར་མཐོང་།  དེས་ན་བཙན་བྱོལ་ནང་ཤེས་རིག་ལས་ཁུངས་གཙོས་བྱིས་པའི་སྒྲུང་དེབ་ཐོག་དོ་སྣང་དང་། རྩོམ་འབྲི་གནང་མཁན་གང་མང་ཐོན་བཞིན་ཡོད་པ་རང་ཉིད་ཀྱིས་ཤེས་ཚོད་ཙམ་ཞུས་ན། རྡ་ས་བོད་ཕྲུག་ཁྱིམ་སྡེ་དང་།   སམ་བྷོ་ཊ་བོད་སློབ་སྤྱི་ཁྱབ་ཡིག་ཚང་། མཉྫུ་ཤྲི་ཤེས་ཡོན་ཞབས་ཞུ་ཁང་སོགས་ཚོགས་སྡེ་ཁག་དང་། རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་འབུམ་རམས་པ་བསྟན་འཛིན་སྨོན་ལམ་དཔལ་ཚོགས་ལགས་དང་། བསམ་གླིང་ཚེ་རིང་ལྷ་མོ་ལགས། སྣང་གསལ་བསྟན་འཛིན་ནོར་བུ་ལགས། བོད་དགེ་འཇིགས་མེད་དབང་ལྡན་སོགས་སྒེར་པ་ངོས་ནས་བྱིས་པའི་སྒྲུང་དེབ་གསར་རྩོམ་དང་། རྩོམ་སྒྱུར་གནང་མཁན་མང་པོ་ཐོན་པ་བཅས་ཀྱིས་བྱིས་པའི་སྐད་ཡིག་སློབ་གསོའི་ཐོག་ཕན་ཐོགས་ཆེན་པོ་འབྱུང་བཞིན་ཡོད།

བསྐྱར་བཅོས།: ༢༠༡༧/༡༠/༢༧

Leave a Reply

3 thoughts on “དཔེ་ཀློག་གི་སྐྱ་རེངས་དང་བྱིས་པའི་སྒྲུང་དེབ།

  1. གཞུང་པ་ཚེ་དབང་བསོད་ནམས་ཡ

    ཕྲུ་གུའི་རྒྱུད་ལ་ཤེས་ཡོན་འཇགས་ཐུབ་པའི་ལམ་ཁ་བཞི་ཡོད་པ་དེ་དག་འབྲེལ་ཡོད་ཚང་མས་མཁྱེན་པ་གནང་དགོས་།

    དང་པོ་ཕྲུ་གུ་ཆུང་དུས་ནས་ཡིག་གེ་ཀློག་རྩལ་སློབ་དགོས་།
    ླreading power.
    གཉིས་པ་སྐད་ཆ་ཉན་ཐུབ་པའི་ཉན་རྩལ་སློབ་དགོས་།
    listening power.
    གསུམ་པ་ཡིག་གེ་འབྲི་ཐུབ་པའི་འབྲི་རྩལ་སློབ་དགོས་།
    writing power.
    ཞི་པ་ཁ་ནས་སྐད་ཆ་བཤད་ཐུབ་པའི་བཤད་རྩལ་སློབ་དགོས་།
    speaking power.
    དེ་བཞི་ལས་གལ་ཆེ་བའི་སྒྲུང་དེབ་རྒྱུད་ནས་ཕྲུག་གུའི་ཀློག་རྩལ་དང་འབྲི་རྩལ་དང་བཤོད་རྩལ་དང་ཉན་རྩལ་ཐོབ་རྒྱུ་ཡོད་པ་ཤེས་མ་སོང་ན་གལ་ཆེ་བཤོས་དེ་འདི་བཞི་ཡིན་པའི་ངོས་འཛིན་ཞུ་གི་ཡོད་།
    four basic foundation of education.
    1 listening power.
    2 speaking power.
    3 reading power.
    4 writing power.

  2. བོད་དགེ་བློ་བཟང་རྒྱལ་མཚན།

    ཤེས་རིག་ནས་ཉེ་འཆར་པར་སྐྲུན་བྱས་པའི་སྒྲུང་དེབ་དེ་དག་སྤུས་ཀ་ལེགས་ཤིང་། ལྷག་པར་ཕྱི་རྒྱལ་གྱི་གྲགས་ཅན་བྱིས་སྒྲུང་བོད་ཡིག་ཏུ་སྒྱུར་བ་དེ་དག་སྤུས་ཚད་ཧ་ཅང་མཐོན་པོ་འདུག་པས། ལོ་ཙཱ་བ་བསོད་ནམས་བཟང་པོ་ལགས་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

  3. ཨ་ཙརྱ་ནོར་བུ་དོན་གྲུབ།

    འདི་འདྲའི་རྩོམ་ཐུང་རེ་སྤེལ་ན་ཧ་ཅང་ཡག་པོ་འདུག

    བོད་ཡིག་དགེ་རྒན་ཚོས་སློབ་གསོ་དང་འབྲེལ་བའི་རྩོམ་ཡིག་སྤེལ་བ་ཧ་ཅང་ཉུང་བས། དགེ་རྒན་རྣམ་པས་ངེས་པར་ཐུགས་འཁུར་གནང་རོགས།