ཁ་ན་ཌ་ནས་ཕྱིར་ལོག་ཡོང་གི་ཡིན་ཟེར་མཁན་རེ་གཉིས་འདུག

ཁ་ན་ཌར་གཞིས་སྤོར་ལས་གཞིའི་ཁྲོད་མི་གྲངས་ ༩༣༨ ཕར་འབྱོར་ཟིན་པ་དང་མི་ ༣༧ རིམ་གྱིས་འགྲོ་རྒྱུ་ཡིན་ཡང་ཡིག་ཆར་དཀའ་ངལ་འཕྲད་མཁན་མི་ ༢༥ ད་དུང་ལྷག་ཡོད་འདུག

འདི་གའི་གསར་འགོད་པས་ནང་སྲིད་དྲུང་འཕར་ཀརྨ་ཆོས་དབྱིངས་ལགས་སུ། རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་ཁོངས་ནས་བོད་མི་ ༡༠༠༠ ཁ་ན་ཌར་གཏོང་བའི་ལས་གཞི་དེ་ད་ལྟ་ག་འདྲ་ཆགས་ཡོད་བཀའ་འདྲི་ཞུས་པ་ལྟར་ན། ལས་གཞི་དེའི་ཁོངས་ནས་བོད་མི་ ༩༣༨ ཁ་ན་ཌར་འབྱོར་ཟིན་ཡོད་པ་དང་། ཉེ་སྔོན་མི་གྲངས་ ༡༢ ལ་ཡིག་ཆ་ཚང་མ་གྲ་སྒྲིག་བྱས་ཚར་སྟེ་ཉིན་ཤས་ནང་འགྲོ་རྒྱུ་དང་། མི་གྲངས་ ༢༥ ཡི་གཟུགས་པོར་བརྟག་དཔྱད་བྱེད་བཞིན་ཡོད་པས་ཟླ་ཤས་ནང་ཁོང་ཚོའང་འགྲོ་རྒྱུ་ཡིན་འདུག  ཁོང་ཚོ་སོང་ཚར་ན་བོད་མི་ ༡༠༠༠ ལས་མི་གྲངས་ ༩༧༥ ཕར་བསླེབ་འགྲོ་ཡི་ཡོད་སྟབས། ལས་གཞི་འདི་ཕལ་ཆེར་མཇུག་སྒྲིལ་བ་ལྟ་བུ་ཡིན་འདུག

ལས་གཞི་འདིའི་ཁོངས་ནས་ད་དུང་མི་གྲངས་ ༢༥ ལྷག་པའི་རྒྱུ་མཚན་གང་ཡིན་དྲིས་པར་ཁོང་གིས། བོད་མི་ ༡༠༠༠ འདེམ་སྒྲུག་བྱས་པའི་ནང་ནས་མི་གྲངས་ ༢༥ ལ་ལས་གཞི་དང་པོ་མགོ་བཙུགས་དུས་ནས་རྙོག་དྲ་ཡོད་པ་རེད། ཁོང་ཚོ་ཨ་རུ་ན་ཅལ་གྱི་གཞིས་ཆགས་རང་ནས་ཡིན་ནའང་ས་གནས་གཞན་དུ་སློབ་གྲྭར་ཕྱིན་པ་དང་། ལས་ཀ་བྱེད་དུ་སོང་ནས་སྐྱབས་བཅོལ་ལག་དེབ་(R.C)ས་ཆ་གཞན་ནས་བཟོས་བཞག་པ་དེ་འདྲ་རེད་འདུག ཁ་ན་ཌའི་གཞུང་ཚབ་དང་གཞིས་སྤོར་ལས་གཞིའི་འབྲེལ་ཡོད་ཚོས་དང་པོ་ནས་དེ་དག་ལ་ངོས་ལེན་གནང་མེད་པས།  ང་ཚོའི་ངོས་ནས་དེའི་ཐད་ལ་ད་དུང་འབད་བརྩོན་བྱེད་ཀྱི་ཡོད། འོན་ཀྱང་ཁ་ན་ཌ་གཞུང་གིས་དང་པོ་ནས་ངོས་ལེན་གནང་མེད་སྟབས་རྗེས་སུའང་ཁག་པོ་རེད་དྲན་གྱི་འདུག ཅེས་བརྗོད་བྱུང་།

ཁ་ན་ཌར་འབྱོར་ཟིན་པ་རྣམས་ལ་དཀའ་ངལ་འཕྲད་ཀྱི་ཡོད་མེད་དྲིས་པར། ད་ལྟ་འབྱོར་ཟིན་པའི་ནང་ནས་རེ་གཉིས་ལ་དཀའ་ངལ་འཕྲད་ཀྱི་ཡོད་པའི་སྐད་ཆ་གོ་རྒྱུ་འདུག གང་ཡིན་ཟེར་ན། རྒྱ་གར་ནས་ཕར་འགྲོ་དུས་ལོ་ཆེན་པོ་དང་དབྱིན་སྐད་མི་ཤེས་པ། གྲོང་ཁྱེར་གྱི་འཚོ་བ་མཐོང་མ་མྱོང་ཞིང་། ཕ་གིའི་རིག་གཞུང་དང་འཚོ་བ་སྐྱེལ་སྟངས་སོགས་གང་ཅིའི་ཆ་ནས་མ་འདྲ་བ་ཞིག་ཡོད་སྟབས། གཞན་གྱི་རིག་གཞུང་ནང་སིམ་མ་ཐུབ་པར་རེ་གཉིས་ཀྱིས་རྒྱ་གར་ལ་ལོག་ཡོང་གི་ཡིན་ཟེར་མཁན་ཡོད་ས་རེད། ཅེས་ཟེར།

ལས་གཞི་དེ་མཇུག་ག་དུས་བསྡུ་ཐུབ་སྐོར་དྲིས་པར་ཁོང་གིས། ད་ལྟ་ཡིག་ཆའི་རྙོག་དྲ་ལྷག་ཡོད་པའི་མི་གྲངས་ ༢༥ ལ་ཁ་ན་ཌ་གཞུང་གིས་སླར་ཡང་ངོས་ལེན་མ་གནང་ན་ལས་གཞི་དེ་མཇུག་བསྒྲིལ་སོང་བ་རེད། ཅེས་བརྗོད་བྱུང་།

གསར་འགོད་པས་གལ་སྲིད་ཁ་ན་ཌ་གཞུང་གིས་ཡིག་ཆར་དཀའ་ངལ་ཡོད་པའི་མི་གྲངས་ ༢༥ དེ་ངོས་ལེན་མ་གནང་ན། ས་མིག་ཁ་སྐོང་ཆེད་སླར་ཡང་མི་ ༢༥ འདེམས་སྒྲུག་བྱ་རྒྱུ་ཡིན་མིན་དྲིས་པར་ཁོང་གིས། དེ་ནི་གཙོ་བོ་ཁ་ན་ཌ་གཞུང་ལ་རག་ལས་ཡོད་པ་རེད། ང་ཚོས་ངོས་ནས་ས་མིག་སྟོང་པ་ལྷག་ན་ཡང་བསྐྱར་འདེམས་སྒྲུག་གིས་ཁ་སྐོང་བྱེད་དགོས་དང་མི་དགོས་ད་ལྟ་གསལ་པོ་ཞིག་གང་ཡང་ཞུ་ཐུབ་པ་མི་འདུག ཅེས་བརྗོད་བྱུང་།

གསར་འགོད་པ་ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༡༠/༢༧

Leave a Reply

8 thoughts on “ཁ་ན་ཌ་ནས་ཕྱིར་ལོག་ཡོང་གི་ཡིན་ཟེར་མཁན་རེ་གཉིས་འདུག

  1. པད་བཀོད་པདྨ་དགྲ་འདུལ་ཆེ་མོ།

    ཁེ་ན་ཌར་གཞི་སྤོ་ལས་གཞི་འགོ་བཙུགས་པ་ནས་བཟུང་ད་བར་འདས་པའི་ལོ་ངོ་ཁ་ཤས་རིང་བོད་ཀྱི་དུས་བབ་དྲ་ཐོག་ལ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་དང་། ཁེ་ན་ཌའི་བོད་ཀྱི་ལས་འཆར་ཚོགས་པའི་ཚོགས་མི་ཉི་མ་རྡོ་རྗེ་གཉིས་ལ་བཅའ་འདྲི་ཁ་ཤས་འདོན་སྤེལ་བྱས་སོང་། འོན་ཀྱང་། ལས་གཞི་འདི་དང་འབྲེལ་བའི་དངོས་ཡོད་གནས་ཚུལ་ཁ་ཤས་བརྗོད་ན།
    ༡། ལས་གཞི་འདི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཁེ་ན་ཌའི་སྐབས་དེའི་སྲིད་བློན་ལ་འབོད་བསྐུལ་ཞུས་པར་དང་ལེན་གནང་བ་ཡིན་ནའང་། ༢༠༡༦ སྲིད་སྐྱོང་འོས་བསྡུའི་སྐབས་ད་ཡོད་སྲིད་སྐྱོང་བློ་སེང་གིས་ཁོ་རང་གི་བྱས་རྗེས་ཡིན་མདོག་བཤད་ཡོད།
    ༢། ཁེ་ན་ཌའི་གཞིས་སྤོའི་ལས་རིམ་ཐོག་འགན་འཁུར་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་དང་། ཁ་ེན་ཌར་ཡོད་པའི་བོད་ཀྱི་ལས་འཆར་ཚོགས་པ་གཉིས་ཀྱིས་འཁྱེར་གྱི་ཡོད་ནའང་། ནང་སྲིད་ལས་ཁུངས་དང་། ལས་འཆར་ཚོགས་ཆུང་གི་འགན་འཁུར་པ་ཀེལ་གྷི་རིར་གནས་སྡོད་ཉི་མ་རྡོ་རྗེ་ལགས་གཉིས་མི་མཐུན་པ་དེ་སྔ་བོད་ཀྱི་དུས་བབ་དྲ་རྒྱའི་ཐོག་ལ་སྤེལ་བའི་བཅའ་འདྲི་ཁག་ལས་གསལ་པོ་རྟོགས་ཐུབ། འོ་ན་མི་མཐུན་པའི་རྒྱུ་རྐྱེན་གང་ཡིན་ནམ།
    ༣། གོང་གསལ་མི་ ༢༥ བསྐྱོད་མི་ཐུབ་པའི་རྒྱུ་མཚན་ཁོངས་སུ་ RC རྒྱ་གར་ནང་ལས་ཀ་བྱ་ཡུལ་ཁག་ལ་འཁྱེར་ཡོད་པར་བརྟེན་ཡིན་སྐོར་བྲིས་ཡོད། འོན་ཀྱང་ད་ལྟར་ཁེ་ནར་ཌར་བསྐྱོད་ཟིན་པ་དེ་སྔ་ནང་སྲིད་ལས་བྱེད་ཟུར་པ་སྐྱབས་བཅོལ་ལག་དེབ་ཨ་རུ་ན་ཅལ་ལ་མེད་པ་ཡོངས་གྲགས་མི་བཏང་ཡོད། ནང་སྲིད་ལས་ཁུངས་ཀྱི་གཞིས་སྤོའི་འབྲེལ་ཡོད་ལས་བྱེད་ཀྱིས་གསལ་པོ་ཤེས་ཀྱི་ཡོད་རེད་ཀྱང་ད་དུང་བཏང་པ་རེད། ལས་བྱེད་ལ་དམིགས་བསལ་རེད་ཟེར་ན་མི་མང་སྤྱི་ཡོངས་ལ་དམིགས་བསལ་ཅིའི་ཕྱིར་མེད་པ་རེད་དམ།
    ༤། ད་དུང་སྐྱབས་བཅོལ་ལག་དེབ་ཀྱི་གནད་དོན་ཡིན་པར་རྩིས་ན། ད་ལྟ་ཁེ་ན་ཌར་བསྐྱོད་ཟིན་པའི་ཁོངས་སུ་སྐྱབས་བཅོལ་ལག་དེབ་ཕར་བཞག་བོད་པ་མ་ཡིན་མཁན་རྒྱ་གར་མོན་པ་མང་པོ་ཆིག་སྟོང་ཁུངས་སུ་བཏང་ཡོད། དེ་ལ་ང་ཚོས་གཞིས་འགོའི་འགྲམ་ལ་བཅར་ནས་འདྲི་སྐབས་དེ་ནི་ས་གནས་འགོ་འཛིན་སྔོན་མའི་སྐབས་སུ་བྱུང་ཐག་གཅོད་རེད་ཅེས་བརྗོད་པ་ལས་རྒྱུ་མཚན་གསུང་རྒྱུ་མི་འདུག

    ད་ལྟ་ང་འདྲ་བ་གཞོན་སྐྱེས་གཞིས་ཆགས་སུ་ལུས་པ་ཉུང་ཉུང་ལས་མེད་པ་རྣམས་ལ་ནང་སྲིད་ལས་ཁུངས་དང་། ཁེ་ན་ཌ་བོད་ཀྱི་གཞིས་སྤོ་ལས་འཆར་ཚོགས་ཆུང་ནས་དམིགས་དཔེ་བཟང་པོ་ཞིག་རྩ་བ་ནས་བསྟན་མ་སོང་། བློ་ཕམ་ཡོད། རྒྱ་རི་སྒྲོལ་མས་དྲང་པོ་བྱས་མ་སོང་། བསོད་ནམས་སྟོབས་འཁོར་ལྷ་ཚང་གིས་ཀྱང་དྲང་པོ་བྱས་མ་སོང་། ཉི་མ་རྡོ་རྗེ་ཟེར་པའི་སྐོར་ངས་ཡག་པོ་ཤེས་ཀྱི་མེད། འོན་ཀྱང་ཁེ་ན་ཌར་སྡོད་མཁན་ཚོས་བརྗོད་ན་འཇོན་ཐང་ཡོད་ཀྱང་དྲང་པོ་མེད་སྐོར་སྐད་འཕྲིན་ནང་བརྗོད་པ་གོ་ཐོས་བྱུང་།
    ཤེས་པ་གཉིས་བཏང་ཡོད།