གློག་བརྙན་ལེགས་གྲས་ ༢༥ གཟིགས་འབུལ་ཞུ་བཞིན་འདུག

ཕྱི་ལོ་ ༢༠༡༧ ལོའི་སེམས་གུ་ཡངས་གློག་བརྙན་དུས་སྟོན་ཐེངས་ ༡༣ པའི་ཐོག་གློག་བརྙན་ལེགས་གྲས་ ༢༥ གཟིགས་འབུལ་དང་གློག་བརྙན་ལེགས་ཤོས་ ༡༣ ལ་ཨང་རིམ་ལྟར་བྱ་དགའ་སྤྲོད་རྒྱུ་ཡིན་འདུག

མདང་དགོང་ཆུ་ཚོད་ ༦།༣༠ སྟེང་དྷ་ས་མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་དུ། རང་དབང་གསར་འགོད་པ་བློ་བཟང་དབང་རྒྱལ་ལགས་ཀྱིས་གོ་སྒྲིག་བྱས་པའི་སེམས་གུ་ཡངས་གློག་བརྙན་དུས་སྟོན་ཐེངས་ ༡༣ པ་མགོ་འཛུགས་བྱས་སོང་བ་དང་། ཚོགས་ཐོག་ཏུ་འཛམ་གླིང་ཤར་ནུབ་ནས་ཕེབས་པའི་གློག་བརྙན་འཁྲབ་འཁྲིད་པ་དང་སྒྲིག་བཟོ་བ། གཟིགས་མོ་བ་སོགས་འཛོམས་འདུག ད་ལོའི་གློག་བརྙན་དུས་སྟོན་ཐོག་རྒྱལ་སྤྱིའི་གློག་བརྙན་ ༡༠༠ ལྷག་གི་གྲས་ནས་གློག་བརྙན་ལེགས་གྲས་ ༢༥ བདམས་ཏེ། ཕྱི་ཚེས་ ༢༧ ནས་ ༣༡ བར་བོད་ཀྱི་གསོལ་མགྲོན་ཁང་དུ་གཟིགས་འབུལ་ཞུ་རྒྱུ་ཡིན་པ་དང་། གློག་བརྙན་ལེགས་གྲས་ ༢༥ ཡི་གྲས་ནས་གློག་བརྙན་ལེགས་ཤོས་ ༡༣ ལ་ཨང་རིམ་ལྟར་བྱ་དགའ་སྤྲོད་རྒྱུ་ཡིན་འདུག

གོ་སྒྲིག་པ་བློ་བཟང་དབང་རྒྱལ་ལགས་ཀྱིས་གསར་འགོད་པར་བརྗོད་དོན། ད་ལོའི་གློག་བརྙན་དུས་སྟོན་ཐེངས་ ༡༣ པའི་ཐོག་བོད་པའི་གློག་བརྙན་གཅིག་ཀྱང་མི་འདུག རྒྱ་གར་གྱི་གློག་བརྙན་ ༡༤ འདུག ད་ལོར་ཨ་རི་དང་ཨེ་རན། ཨེ་ཊ་ལེ། ཨུ་རུ་སུ། འཇར་མན་སོགས་ནས་ཐོན་པའི་རྒྱལ་སྤྱིའི་གློག་བརྙན་ ༡༡༠ ཡི་མིང་ཐོ་འབྱོར་བའི་གྲས་ནས་དཔྱད་འདེམས་པ་ ༣ གྱི་སྐར་གྲངས་བརྒྱུད་གློག་བརྙན་ལེགས་གྲས་ ༢༥ བདམས་པ་དང་། དེའི་གྲས་ནས་གློག་བརྙན་ལེགས་ཤོས་ ༡༣ ལ་ཨང་རིམ་ལྟར་བྱ་དགའ་སྤྲོད་ཀྱི་ཡོད། གློག་བརྙན་དུས་སྟོན་གྱི་དགོས་པ་དམིགས་ཡུལ་གཙོ་བོ་དེ། སྔོན་ཆད་ང་ཚོ་བཙན་བྱོལ་བོད་མི་ཚོར་རྒྱལ་ཁབ་གཞན་པ་ནང་བཞིན་གློག་བརྙན་དུས་སྟོན་མེད་པས། དེ་ནི་གློག་བརྙན་སྒྱུ་རྩལ་པར་མཚོན་ན་སྟོང་ཆ་ཆེན་པོ་ཞིག་ཏུ་མཐོང་སྟེ། ཕྱི་ལོ་ ༢༠༠༤ ལོར་ང་རང་སྒེར་ངོས་ནས་བོད་ཀྱི་གློག་བརྙན་དུས་སྟོན་ཟེར་བ་ཞིག་གོ་སྒྲིག་བྱས་པ་ཡིན། ཕྱིས་སུ་བོད་ཀྱི་གློག་བརྙན་དུས་སྟོན་ཟེར་དུས། བོད་པ་གཅིག་པུས་བཟོས་པའི་གློག་བརྙན་ལ་གོ་ནོར་ཐེབས་ཀྱི་འདུག་པས། སེམས་གུ་ཡངས་གློག་བརྙན་དུས་སྟོན་ཞེས་མིང་བཏགས་པ་ཡིན། ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་བོད་པ་རང་གིས་འཁྲབ་འཁྲིད་དང་སྒྲིག་བཟོ། ཕབ་སྐྲུན་བྱས་པའི་གློག་བརྙན་ཧ་ཅང་ཉུང་ཁར། བོད་པའི་གཞོན་སྐྱེས་ཚོར་གློག་བརྙན་འཁྲབ་འཁྲིད་དང་སྒྲིག་བཟོ། ཕབ་སྐྲུན། འཁྲབ་གཞུང་འབྲི་བའི་ཆེད་ལས་རང་བཞིན་མེད་པས། གློག་བརྙན་དུས་སྟོན་འདི་བརྒྱུད་ནས། ཁོ་ཚོར་སོ་སོས་བཟོས་པའི་གློག་བརྙན་གཟིགས་འབུལ་ཞུ་ས་དང་། གཞན་གྱིས་བཟོས་པའི་གློག་བརྙན་ལས་ལེགས་ཆ་ལེན་ཐབས་དང་། ལྷག་པར་དུ་གློག་བརྙན་དུས་སྟོན་ཐོག་རྒྱལ་སྤྱིའི་གློག་བརྙན་འཁྲབ་འཁྲིད་པ་དང་སྒྲིག་བཟོ་བ། གཟིགས་མོ་བ་སོགས་འདུ་འཛོམས་བྱེད་ཀྱི་ཡོད་པས། ཞོར་དུ་བོད་དོན་ཁྱབ་བསྒྲགས་ཡོང་ཐབས་ལ་དམིགས་པ་ཡིན། སྤྱིར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་པའི་ན་གཞོན་གློག་བརྙན་སྒྱུ་རྩལ་ལ་འཇུག་མཁན་ཚོར་རོགས་སྐྱོར་གནང་གི་ཡོད་ཀྱང་གྲུབ་འབྲས་དེ་ཙམ་འཐོན་གྱི་མི་འདུག ཡིན་ནའང་ཉིན་འགའི་སྔོན་ལ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་སྒྲ་བརྙན་ཚན་པས། གཞོན་སྐྱེས་གསུམ་ལ་གློག་བརྙན་སྒྲིག་བཟོའི་མ་དངུལ་ཧིན་སྒོར་འབུམ་གསུམ་རེ་གནང་ཡོད་པ་དེ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཡོད་པ་ཞིག་ཏུ་མཐོང་སོང་། གནས་ཚུལ་དེ་ལ་བལྟས་ན། བཙན་བྱོལ་སྤྱི་ཚོགས་ནང་གཞི་ནས་གློག་བརྙན་སྒྲིག་བཟོ་དང་ཕབ་སྐྲུན་སྐོར་ལ་དོ་སྣང་ཡོང་གི་ཡོད་ས་རེད། ཡིན་ནའང་གློག་བརྙན་ཞིག་བཟོ་བར་ཧིན་སྒོར་འབུམ་གསུམ་ཙམ་གྱིས་ཡོང་གི་མ་རེད། ང་རང་གི་ངོས་ནས་ད་ལྟའི་བར་གློག་བརྙན་དུས་སྟོན་གོ་སྒྲིག་བྱས་ཏེ། བོད་པའི་གཞོན་སྐྱེས་ཚོར་གློག་བརྙན་གཟིགས་འབུལ་ཞུ་ས་དང་གློག་བརྙན་སྒྲིག་བཟོ་དང་ཕབ་སྐྲུན་སྐོར་གྱི་ཤེས་བྱ། ཉམས་མྱོང་གསོག་སའི་སྡིངས་ཆ་ཞིག་བསྐྲུན་ཐབས་སུ་འབད་བརྩོན་བྱས་པ་ཡིན་ལ། མ་འོངས་པར་བཙན་བྱོལ་སྤྱི་ཚོགས་ནང་བོད་པའི་གློག་བརྙན་མང་པོ་བཟོ་ཐུབ་པ་དང་རྒྱལ་སྤྱིའི་སྟེང་བོད་དོན་ཁྱབ་བསྒྲགས་ཤུགས་ཆེར་འགྲོ་བའི་རེ་བ་ཡོད། ཅེས་སོགས་བརྗོད་སོང་།

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༡༠/༣༠

Leave a Reply

One thought on “གློག་བརྙན་ལེགས་གྲས་ ༢༥ གཟིགས་འབུལ་ཞུ་བཞིན་འདུག

  1. ༄༅། བློ་བཟང་དཔལ་ལྡན་ལགས་ནས་ཐུགས་སྣང་ཆེན་པོའི་བོད་པའི་གཞོན་སྐྱེས་ཚོར་དམིགས་ཏེ་སྤྱི་ཕན་
    ལས་འགུལ་མང་པོ་སྤེལ་གྱི་འདུག་པ་་་བཀྲིས་བདེ་ལེགས་ཞུ་གི་ཡོད།
    སྔར་བཞིན་གནང་རོགས་ཞུ་གི་ཡོད།