ཉི་མ་ལགས་སུ་བོད་ཀྱི་མཛངས་པའི་རྒྱལ་ཁ་ཐོབ།

༢༠༡༧ ལོའི་ཐེངས་དང་པོའི་བོད་ཀྱི་མཛངས་པ་འགྲན་སྡུར་ཁྲོད་ཉི་མ་ལགས་སུ་ཨང་དང་པོ་དང་ཚེ་རིང་ཆོས་འཕེལ་ལགས་ཨང་གཉིས་པ། བློ་བཟང་ཆོས་འཕེལ་ལགས་ཨང་གསུམ་པ་བཅས་ཐོབ་སོང་།

མདང་དགོང་ཆུ་ཚོད་ ༧ པའི་སྟེང་བོད་ཀྱི་ཟློས་གར་ཁང་གི་མདུན་ཐང་དུ། བསྟན་འཛིན་བཀྲ་ཤིས་ལགས་ཀྱི་གོ་སྒྲིག་འོག ཕྱི་ལོ་ ༢༠༡༧ ལོའི་བོད་ཀྱི་མཛངས་པ་འགྲན་སྡུར་ཐེངས་དང་པོའི་རྟིང་རྩོད་འགྲན་སྡུར་གནང་སོང་བ་དང་། ཚོགས་ཐོག་ཏུ་དྷ་ས་ཁུལ་གྱི་སེར་སྐྱ་མི་མང་དང་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་སོགས་མི་མང་ཆིག་སྟོང་མ་ཟིན་ཙམ་འཛོམས་པའི་དབུས་སུ། གཟུ་དཔུང་པ་བཞིའི་དཔྱད་སྡུར་སྐར་གྲངས་བརྒྱུད་མདོ་འཛིན་པ་དབང་ཕྱུགས་ལགས་ཀྱིས་ད་ལོའི་ཐེངས་པོའི་བོད་ཀྱི་མཛངས་པ་འགྲན་སྡུར་ཁྲོད། འགྲན་ཞུགས་པ་ཉི་མ་ལགས་ཨང་དང་པོ་དང་། ཚེ་རིང་ཆོས་འཕེལ་ལགས་ཨང་གཉིས་པ། བློ་བཟང་ཆོས་འཕེལ་ལགས་ཨང་གསུམ་པ་བཅས་ཐོབ་ཡོད་སྐོར་གསལ་བསྒྲགས་བྱས་པ་དང་འབྲེལ་ཏེ། བོད་ཀྱི་མཛངས་པ་གོ་སྒྲིག་པ་བསྟན་འཛིན་བཀྲ་ཤིས་ལགས་ཀྱིས་ཨང་དང་པོར་བོད་ཀྱི་མཛངས་པའི་རྒྱལ་ཁའི་རྟགས་མ་དང་ཧིན་སྒོར་ཆིག་འབུམ་ཆིག་ཁྲི། ཨང་གཉིས་པར་ཧིན་སྒོར་བདུན་ཁྲི། ཨང་གསུམ་པར་ཧིན་སྒོར་བཞི་ཁྲི་བཅས་ཀྱི་བྱ་དགའ་སྤྲད་སོང་།

ཉི་མ་ལགས་ཀྱིས་གསར་འགོད་པར་བརྗོད་དོན། ད་ལན་བོད་ཀྱི་མཛངས་པ་འགྲན་སྡུར་ཐེངས་པོའི་ཁྲོད་ང་ལ་རྒྱལ་ཁ་ཐོབ་པ་དེ་ནི། ང་རང་གིས་འཇོན་བཞག་པ་ཞིག་མིན་པར། དེ་ནི་མི་མང་གི་རྒྱབ་སྐྱོར་དང་ཡིད་ཆེས། རེ་བ་བཅས་ལ་བརྟེན་ནས་ཐོབ་པ་རེད། ང་རང་བོད་ནས་སྐྱེས་ཤིང་རྒྱ་གར་ནང་འཚར་ལོངས་བྱུང་བ་ཞིག་ཡིན་སྟབས། ངས་བོད་ཕྱི་ནང་གི་དངོས་ཡོད་གནས་སྟངས་གསལ་བོར་ཤེས་ཀྱི་ཡོད་ལ། མ་འོངས་པར་བོད་ཀྱི་མཛངས་པའི་སྡིངས་ཆ་འདི་བརྒྱུད་ནས། ངས་བོད་དོན་དེ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་འཁྱེར་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། ཅེས་བརྗོད་སོང་།

ཉི་མ་ལགས་ནི་ད་ལྟ་རང་ལོ་ ༢༤ ཡིན་པ་དང་ཕ་ཡུལ་ཆབ་མདོ་རི་བོ་ཆེ་ནས་ཡིན་ཞིང་ཕྱི་ལོ་ ༢༠༠༧ ལོར་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་བ་དང་། ད་ལྟ་རྒྱ་གར་ལྷོ་ཕྱོགས་སྦང་ལོར་གྲོང་ཁྱེར་གྱི་ཁྲིམས་ལུགས་སློབ་ཆེན་ (CMR Law College) ནང་རྒྱ་གར་གྱི་ཁྲིམས་ལུགས་གཙོས་པའི་རྒྱལ་སྤྱིའི་ཁྲིམས་ལུགས་སྐོར་ལ་སློབ་གཉེར་བྱེད་བཞིན་ཡོད་འདུག

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༡༠/༢༩

Leave a Reply

3 thoughts on “ཉི་མ་ལགས་སུ་བོད་ཀྱི་མཛངས་པའི་རྒྱལ་ཁ་ཐོབ།

  1. གཞུང་པ་ཚེ་དབང་བསོད་ནམས་ཡ

    ལེགས་པའི་ཆ་གང་འདྲ་ཞིག་གི་ཡིན་ཀྱང་གཞན་རྗེས་འབྲང་དགོས་པ་དེ་གལ་ཆེན་ཡིན་པ་དང་ཉེས་པའི་ཆ་ག་འདྲ་ཞིག་ཡིན་ཀྱང་རང་ལུགས་ལ་ཡོད་ན་ཡང་དོར་དགོས་པ་བཅས་བོད་ཀྱི་འཛངས་མ་དང་མཛངས་པ་སོགས་གཞན་རྗེས་འབྲང་ཐུབ་པ་ཙམ་གྱི་དགའ་བསུ་ཡོད་ཐུགས་རྗེ་ཆེ་བཀྲིན་ཆེ་།

  2. ཐུབ་བསྟན་བསོད་ནམས།

    ཡག་པོ་གསུང་འདུག བཀའ་དྲིན་ཆེ།
    ང་ཚིའི་སྤྱི་ཚོགས་ནང་བཟང་ཕྱོགས་ཀྱི་ཆ་ནས་ལས་འགུལ་སྣ་མང་བརྩམས་ཐུབ་ཀྱི་འདུག དེ་ཡང་དགོས་ངེས་གཅིག་རེད་སེམས། ཡིན་ནས་ལས་འགུལ་གང་བརྩམས་ཀྱང་དེ་སོ་སོའི་སྐད་ཡིག་ཐོག་ནས་མཐུད་གཙང་ཞིག་དང་རང་དབང་གི་ཐོག་ནས་སྤེལ་ཐུབ་ཀྱི་མིན་འདུག གཙོ་བོ་དཀའ་ངལ་དེ་རང་མི་རིགས་ཀྱི་སྐད་ཡིག་ཆུ་ཚད་ཞན་པའི་རེད་འདུག

  3. མཛངས་མའི་འགྲན་བསྡུར་དང་མཛངས་པའི་འགྲན་བསྡུར་ཞེས་པའི་འགྲན་བསྡུར་གྱི་བྱ་བ་གང་ཞིག་རྩོམ་པ་དེའི་ཐ་སྙད་འདོགས་སྟངས་ལ་འཐད་མི་འཐད་ཀྱི་ཤོད་ཚུལ་དུ་མ་བྱུང་དང་འབྱུང་བཞིན་ཡོད། སྤྱིར་བཏང་དངོས་པོ་དང་བྱ་བ་གང་ཞིག་གི་མིང་ཚིག་ཐ་སྙད་འདོགས་སྐབས་འདོད་རྒྱལ་གྱི་སྒོ་ནས་དང་། རྗེས་འགྲུབ་ཀྱི་སྒོ་ནས་དང་། ཐད་སྒྱུར་གྱི་སྒོ་ནས་འདོགས་པ་སོགས་འདོགས་ལུགས་རྣམ་གྲངས་དུ་མ་ཞིག་ཡོད་པ་ནི་གོར་མ་ཆགས། འོན་ཀྱང་སྐྱེས་མ་དང་སྐྱེས་པའི་འགྲན་བསྡུར་གྱི་ཐ་སྙད་འདོགས་ཚུལ་ཐོག་གླེང་སློང་དུ་མ་ཞིག་བྱུང་བ་དེ་ནི་འགྲན་བསྡུར་གྱི་གཞི་གཙོ་བོ་གང་ལ་འཇོག་པ་ངོས་འཛིན་གཏན་འབེབ་གསལ་པོ་མ་བྱུང་བ་ཡིན་ནམ་སྙམ། གང་ལྟར་མཛངས་མའི་འགྲན་བསྡུར་ལས་མཛངས་པའི་འགྲན་བསྡུར་གྱི་ཐ་སྙད་འཇོག་ཚུལ་དེ་བས་གློང་སློང་ཆེ་བ་བྱུང་ཡོད། དོན་དངོས་སུ་འགྲན་བསྡུར་དེ་དག་ཡུལ་ལུང་གཞན་ནས་དཔེ་བཤུ་བྱས་པའི་འགྲན་བསྡུར་ཞིག་ཡིན་པས་ཁོང་ཚོས་འགྲན་བསྡུར་དེ་དག་ལ་ཐ་སྙད་གང་ཞིག་བཏགས་པའི་སྒྲ་དེ་རང་རེའི་བོད་སྐད་དུ་སྒྲ་ཐད་སྒྱུར་གྱིས་འདོགས་ན་གང་གི་ཆ་ནས་འོས་འཚམས་སུ་མཐོང་། དཔེར་ན་བོད་ཀྱི་སྐྱེས་མའི་འགྲན་བསྡུར་དང་། བོད་ཀྱི་སྐྱེས་པའི་འགྲན་བསྡུར་ཅེས་པ་ལྟ་བུའོ།། །།