ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་སྐུ་བརྙན་ང་འདྲ་མ།

                                                                                                                                   བེ་རི་རིག་རྡོར།ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་སྐུ་བརྙན་བྱིན་ལྡན། ཡོངས་གྲགས་སུ་དོལ་པོའི་སྐུ་བརྙན་ང་འདྲ་མ་ཞེས་གྲགས་པ་འདི་ནི། ལྷ་སའི་གཙུག་ལག་ཁང་གི་བྱམས་པ་ཆོས་འཁོར་གླིང་གི་ཕྱི་འཁྱམས་སུ་བཞུགས་ཤིང་། ཀུན་མཁྱེན་དོལ་པོ་སངས་རྒྱས་ (༡༢༩༢-༡༣༦༡) ཀྱི་རང་འདྲའི་བུ་ཆེན་བཅུ་བཞིའི་ནང་ཚན། འཕགས་པ་ཐོགས་མེད་ཀྱི་སྤྲུལ་བར་གྲགས་པ། ཆོས་རྗེ་རིན་ཚུལ་བ་(༡༢༩༧-༡༣༦༨) མཆོག་གིས། བོད་རབ་བྱུང་དྲུག་པའི་ཆུ་འབྲུག་ (༡༣༥༢) ལོར་གསར་བཞེངས་མཛད། དེ་དུས་ལྷ་སའི་གཙུག་ལག་ཁང་དུ་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་འབའ་ཞིག་ལས་བོད་ཀྱི་བླ་སྐུ་གཅིག་ཀྱང་མེད་ཅེས་གྲགས་ལ། གྲགས་པ་དེ་ཡང་དོན་ལ་གནས་པར་སེམས་ཏེ། དབུས་གཙང་གནས་སྐོར་ལམ་ཡིག་ (1) ལས། “ཕྱི་འཁྱམས་རྒྱལ་བ་ཚེ་དཔག་མེད། ཇོ་ནང་ཀུན་མཁྱེན་དོལ་པོ། སྤྱན་རས་གཟིགས་ཕྱག་བཞི་པ།” ཞེས་གསུངས་པ་ལྟར་རོ།།

དེ་ཡང་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་དགུང་གྲངས་ང་དགུ་བཞེས་པ་ལྕགས་སྟག་ (༡༣༥༠) ལོར། ཡོན་གོང་མ་ཐོ་གན་ཐི་མུར་གྱིས་ཁོང་གི་མཚན་སྙན་ཐོས་ནས་སྔ་ཕྱིར་གསེར་ཡིག་པ་མངགས་ཏེ་གདན་འདྲེན་ཞུས་ཀྱང་། ཕྱི་ནང་གི་རྟགས་མཚན་དང་། བོད་ཀྱི་ཕྲལ་ཕུགས་རྒྱང་གསུམ་ལ་དགོངས་པ་བཞེས་ཏེ་ཞལ་བཞེས་མ་གནང་མོད། རྒྱའི་བང་ཆེན་རྣམས་ཀྱིས་ངུ་ངག་བཅས་གསོལ་བ་ནན་ཆེར་བཏབ་བས་སྙིང་རྗེས་དགོངས་ཏེ་རེ་ཞིག་ཞལ་བཞེས་མཛད་ནས་ཕེབས་ཚུལ་གནང་སྐབས། ཆོས་རྗེ་རིན་ཚུལ་བ་སོགས་བུ་སློབ་རྣམས་ཀྱིས་ཐུགས་ཀྱིས་མ་བཟོད་དེ་བཤོལ་བཏབ་པས། ལོ་གཅིག་ནང་ཕྱིར་ཕེབས་པའི་ཞལ་མནའ་མཛད། དེ་དུས་ཆོས་རྗེ་རིན་ཚུལ་བ་སོགས་དད་སློབ་རྣམས་ཀྱིས་བླ་མ་དྲན་པའི་གདུང་བ་དང་། གྱེས་བྲལ་གྱི་སྡུག་བསྔལ་སེལ་ཆེད། སྐུ་ཚད་དང་ཞལ་དབྱིབས་སོགས་ཇི་ལྟ་བ་བཞིན་བྱས་ནས་སྐུ་བརྙན་དེ་གསར་བཞེངས་མཛད་ཚུལ་སྐྱེས་རབས་ཁྱད་འཕགས་ (2) དང་། ཇོ་ནང་ཆོས་འབྱུང་ (3) དུ་གསལ།

དེ་ལྟར་ཀུན་མཁྱེན་དོལ་པོ་སངས་རྒྱས་ཤིང་རྟར་བཞུགས་ཏེ་ཀུན་སྤངས་ཆོས་གྲགས་དཔལ་སོགས་སྐུ་འཁོར་ལྷན་རྒྱས། རྒྱའི་བང་ཆེན་རྣམས་དང་མཉམ་དུ་རྭ་སྒྲེང་སོགས་བརྒྱུད་ནས་རྒྱ་ཡུལ་དུ་ཕེབས་ཚུལ་མཛད་སྐབས། སྡེ་སྲིད་བྱང་བས་གསན་ཏེ། རྒྱ་ནག་གིས་བོད་ཀྱི་སངས་རྒྱས་འཕྲོག་སོང་བས་ད་ལྟ་རང་ཕྱིར་གདན་འདྲེན་ཞུ་དགོས་ཞེས་བཀའི་དམག་དཔུང་བཏང་བ་སྐུ་རྗེས་སུ་འབྱོར་ནས་འགོག་རྒོལ་བྱས་པ་དང་། ཀུན་མཁྱེན་ཆེན་པོ་ཟད་པར་སའི་ཏིང་ངེ་འཛིན་ལ་སྙོམ་པར་བཞུགས་པས། རྒྱའི་གྱད་མི་རྣམས་དང་། རྟ་གླང་སོགས་ཀྱིས་སྟོབས་ཤུགས་ཡོད་དགུ་ཕུད་ནས་ཤིང་རྟ་དྲུད་ཀྱང་། གྲོག་མས་རི་བོ་བསྒུལ་བའི་དཔེ་རུ་སོང་བས། རྒྱའི་བང་ཆེན་རྣམས་ཀྱིས་གསོལ་བ་བཏབ་ངོར་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་<<ཕྱི་ནང་གྲུབ་མཐའི་རྣམ་གཞག་ཚིག་ཉུང་དོན་གསལ>>དང་། གསོལ་འདེབས<<ཤེས་བྱ་ཀུན་མཁྱེན་མ>>བཅས་བསྩལ་གནང་མཛད་དེ་བང་ཆེན་རྣམས་ཕྱིར་རྒྱ་ཡུལ་དུ་བརྫངས།

ཀུན་མཁྱེན་དོལ་པོ་སངས་རྒྱས་སྐུ་འཁོར་ལྷན་རྒྱས་ཕྱིར་ལྷ་སར་ཕེབས་བསྟུན། ཆོས་རྗེ་རིན་ཚུལ་བས་བཞེངས་པའི་སྐུ་འདྲར་རབ་གནས་མཛད་ཚུལ། སྐྱེས་རབས་ཁྱད་འཕགས་ (4) ལས། “དེ་ནས་ཆོས་རྗེས་ཟད་པར་རླུང་གི་ཏིང་ངེ་འཛིན་ལ་བཞུགས་ནས་སྐུ་མཆེད་རྣམས་སླར་ལོག་སྟེ། དམག་མི་དང་རྭ་སྒྲེང་དུ་ཕྲད་དེ་ས་ལུ་ལྗང་བའི་མདོ་དང༌། རྒྱུད་འབུམ་ཚར་གཅིག་གསུངས་ནས་ལྷ་སར་བྱོན་པས། ད་ཅི་རིན་ཚུལ་བས་སྐུ་འདྲ་བཞེངས་པ་དེ་ཆོས་རྗེས་རབ་གནས་མཛད་པར་དྲུང་དུ་བྱོན་ནས། འདི་སྐད་གསུངས་སོ།། རྟེན་འདི་ལ་གདན་ཆུང་བ་དང་གཅིག ཤིན་ཏུ་རྒན་པོའི་གཟུགས་དང་གཉིས། སྐུ་བོང་ཆུང་བ་དང་གསུམ་སྟེ། ལྷ་ས་ལ་སོགས་དབུས་ཕྱོགས་སུ་ངའི་བསྟན་པ་འོང་བར་མི་འདུག་གོ། མ་འོངས་པའི་དུས་སུ་འདིའི་མཆོད་རྫས་རྣམས་ཧ་བཤའ་བྱེད་པ་མང་དུ་འབྱུང་བར་འགྱུར་རོ།། འོན་ཏེ་མཚན་བཟང་བ་ལ་གསུམ་སྣང༌། སྒོ་ལ་ཉེ་བ་ནི་ཐར་པའི་སྒོ་འཛིན་པའི་རྟགས། ས་གནོན་མཛད་པ་ནི་ལོག་སྨྲ་མང་པོ་འདུལ་བར་འགྱུར་རོ།། ངས་རབ་གནས་མཛད་པ་ནི་ཆོས་ཀྱི་རྒྱལ་པོར་མངའ་གསོལ་བ་ཡིན། དད་པ་གང་ཐོབ་ཀྱི་ཚོགས་རྫོགས་པར་འགྱུར་རོ།། ཞེས་སོགས་མང་དུ་གསུངས་སོ།།” ཞེས་གསུངས་པ་ལྟར་རོ།།

དེ་ལྟ་ན་ཡང་། དེང་དུས་བཙན་བྱོལ་བོད་གཞུང་གིས་ཇོ་ནང་ཆོས་བརྒྱུད་བོད་ཀྱི་ཆོས་གྲལ་དུ་ཡང་འཇོག་གིན་མེད་ན། དེ་དུས་ཀུན་མཁྱེན་ཆེན་པོའི་སྐུ་འདྲ་ལྷ་སའི་གཙུག་ལག་ཁང་དུ་བཞེངས་ཆོག་པ་ཅི་ཡིན་ནམ་སྙམ་ན། ཀུན་མཁྱེན་ཆེན་པོ་ལྷ་སར་ཕེབས་བཞུགས་མཛད་སྐབས། དབུས་ཕྱོགས་ཀྱི་མཁས་པ་ཕལ་མོ་ཆེ་འདུས་པ་ལ། དུས་ཀྱི་འཁོར་ལོའི་དབང་དང་རྒྱུད་འགྲེལ། འབུམ། སྙིང་བོའི་མདོ་བཅུ། ནཱ་རོའི་འགྲེལ་ཆེན། སེམས་འགྲེལ་ཆུང་བ། དབུ་མ་ཆོས་དབྱིངས་བསྟོད་པ། བྱམས་ཆོས། ངེས་དོན་རྒྱ་མཚོ་སོགས་ཀྱི་ཆོས་བཀའ་རྒྱ་ཆེན་པོ་དང་། ལྷག་པར་དུ་ཟབ་ལམ་གྱི་ཁྲིད་ལན་བདུན་གནང་ཞིང་། ཚོགས་པ་ཉུང་དུས་སྟོང་ཕྲག་ལྷག་དང་མང་བ་ལ་ཚད་བཟུང་དུ་མེད་པ་བྱུང་བ་མ་ཟད། ལམ་ཁའི་སྤྲང་བོ་ཚུན་ཆད་ཆོས་ལ་དད་པ་སྐྱེས་ནས་ལམ་སྲང་རྣམས་སུ་ཡང་དབེན་གསུམ་སྒོམ་པ་དང་། སྐོར་ལམ་རྣམས་སུ་ཡང་། “རྡོ་རྗེ་འབེབ་པ་འབེབ་པ་ཆེ།།” ཞེས་གསུངས་པ་ལྟར། ཡེ་ཤེས་ཕེབས་པའི་ཉམས་འུར་གྱི་གར་གྱིས་བཀང་། སྐྱེ་བོ་སྟོང་ཕྲག་མང་པོར་དུས་ཀྱི་འཁོར་ལོའི་མཆོག་དབང་གོང་མ་གནང་ཚེ་མི་རྣམས་ལྟ་ཅི་སྨོས། “ཡེ་ཤེས་ཕེབས་ནས་བདག་འཛིན་འགག་པ་དང་།།” ཞེས་གསུངས་པ་བཞིན། སྲང་ཁའི་ཁྱི་ཚུན་ཆད་ལ་ཡང་དབང་གི་ཡེ་ཤེས་ཕེབས་པའི་རྣམ་འགྱུར་མང་དུ་བྱུང་། ཚལ་གུང་ཐང་སོགས་སུ་ཕེབས་སྐབས། ཚལ་པ་ཁྲི་དཔོན་སོགས་སྐྱེ་བོའི་ཚོགས་འབུམ་ཕྲག་མང་པོས་སེམས་བསྐྱེད་དེ་བྱང་ཆུབ་ཏུ་སྨིན་པར་མཛད། ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་འདབ་མ་ཡུ་བ་དང་བཅས་པ་དངོས་སུ་བབས་པ་སོགས་ངོ་མཚར་བའི་ལྟས་མང་པོ་བྱུང་། ཆོས་ལུང་ནས་བརྩམས་ལྷ་སའི་བར་སོར་བསམ་གྱི་ཁྲིད་ཐོབ་པས་ཉམས་རྟོགས་བཟང་བོ་རྒྱུད་ལ་སྐྱེས་པ་ཤ་སྟག་སྟོང་དང་ཉིས་བརྒྱ་བྱུང་ཞེས་ཡོངས་སུ་གྲགས་ལ། དེ་བས་ཀྱང་སྐབས་དེར་བོད་ཡུལ་དུ་ཆོས་བརྒྱུད་དང་ཆོལ་ཁའི་འགོས་ནད་དྲི་ཙམ་ཡང་མེད་དོ།།

རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་ (༡༥༧༥-༡༦༣༤) དགུང་གྲངས་སོ་དྲུག་བཞེས་ཐོག་ལྷ་སར་ཕེབས་སྐབས། ལྷ་ལྡན་གཙུག་ལག་ཁང་དུ་བཞུགས་པའི་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་སྐུ་བརྙན་ང་འདྲ་མའི་མདུན་དུ་ཉམས་སྣང་ངོ་མཚར་དུ་མ་དང་བཅས་ཐུན་མོང་མ་ཡིན་པའི་སྨོན་ལམ་རྒྱལ་བ་རྒྱ་མཚོ་མ་ལྗགས་རྩོམ་མཛད་ཚུལ་རྣམ་ཐར་མ་བཅོས་ལྷུག་པར་གསལ་ལ། དེ་བཞིན་དུ་སྐྱབས་མགོན་ཁལ་ཁ་རྗེ་བཙུན་དམ་པ་སྐུ་ཕྲེང་དགུ་བ་འཇམ་དཔལ་རྣམ་གྲོལ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་ (༡༩༣༢-༢༠༡༢) དགུང་ལོ་བརྒྱད་ལ་ཕེབས་པ་ས་ཡོས་ (༡༩༣༩) ལོའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས། རྒྱལ་ཚབ་ར་སྒྲེང་རིན་པོ་ཆེའི་དྲུང་ནས་རབ་བྱུང་སྡོམ་བཞེས་ཀྱི་མཛད་སྒོ་གྲུབ་མ་ཐག གཙང་ཁང་བྱམས་པ་ཆོས་འཁོར་ཁང་གི་ཕྱི་འཁྱམས་སུ་བཞུགས་པའི་ཇོ་ནང་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་སྐུ་བརྙན་ང་འདྲ་མའི་མདུན་དུ་ཕེབས་ནས་སྙན་ཤལ་ཕུལ་ཞིང་། ངེས་དོན་བསྟན་པ་ཕྱོགས་བཅུར་རྒྱས་པའི་ཐུགས་སྨོན་མཛད་ཡོད། དེའི་སྐོར་རྗེ་བཙུན་རིན་པོ་ཆེའི་ཞལ་ནས། “ནམ་རྒྱུན་གཙུག་ལག་ཁང་དུ་མཆོད་མཇལ་ལ་འགྲོ་སྐབས། ཀུན་མཁྱེན་དོལ་བོའི་སྐུ་བརྙན་ལ་མཇལ་གྱིན་ཡོད། རབ་བྱུང་སྡོམ་འབོགས་ཀྱི་བྱེད་སྒོའི་སྐབས་ཀྱང་མཇལ་ནས་སྙན་ཤལ་ཞིག་ཕུལ་བ་ཡིན། ངོས་ཆུང་དུས་སུ་ཇོ་ནང་གི་སྐོར་གང་ཡང་ཤེས་ཀྱིན་མེད་མོད། འོན་ཀྱང་ཀུན་མཁྱེན་དོལ་བོའི་སྐུ་བརྙན་དེ་དམིགས་བསལ་གྱི་མཇལ་སྤྲོ་བོ་ཞིག་འདུག དུས་ཕྱིས་བོད་དུ་ཕྱིན་སྐབས་རྣམས་སུ་ཡང་དེར་ཡང་ཡང་མཇལ་གྱི་ཡོད། མཚམས་རེར་གསུང་འབྱོན་མི་འོང་ངམ་སྙམ་པའི་ཚོར་བ་ཡང་སླེབས་མྱོང་”ཞེས་གསུངས། རྒྱལ་བ་ཇོ་ནང་བའི་འདས་མ་ད་གསུམ་ལ་རྒྱུས་ལོན་སྟབས་བདེ་རེ་བྱེད་འདོད་ན། མང་པོ་མི་དགོས་པར་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་སྐུ་བརྙན་ང་འདྲ་མ་དང་། ལྷ་སའི་གཙུག་ལག་ཁང་གི་མདུན་སྒོའི་རྣམ་བཅུ་དབང་ལྡན། བོད་གཞུང་སྒེར་རྣམས་ཀྱིས་བཀོལ་སྤྱོད་བྱེད་བཞིན་པའི་འཕྲེད་དར་ཆེན་མོ་བཀྲ་ཤིས་ཁྲ་རིང་སོགས་ལ་བསམ་གཞིགས་ཡུད་ཙམ་རེ་ཐོངས་དང་། ཇོ་ནང་བའི་འདས་སོང་གི་ལོ་རྒྱུས་ཕྱིར་དྲན་དང་། མ་འོངས་པའི་ཁ་ཕྱོགས། ད་ལྟའི་གནས་སྟངས་བཅས་ལ་སྡོམ་ཚིག་ཐུང་ངུ་རེ་འགོད་རྒྱུར་ངལ་བ་དེ་ཙམ་མི་དགོས་སོ།།

སྐུ་བརྙན་བྱིན་ལྡན་དེ་ཉིད་བོད་དུ་རིག་གསར་སྐབས་གཏོར་སྐྱོན་ཐེབས་ནས་བཞུགས་ཁྲི་དང་། དབུ་རྒྱབ་ཀྱི་འོད་ཁང་ལས་ལྷག་མེད་མོད། ཕྱི་ལོ་ ༡༩༨༡ ལོར་བསྟན་ལ་ལྷག་བསམ་མཆོག་ཏུ་ཡངས་པ་བསེ་དགོན་པའི་ཨ་ཁུ་ཀུན་དགའ་དོན་གྲུབ་དང་ཀུན་དགའ་མཆོག་སྤྲུལ་རྣམ་པ་གཉིས་ཀྱིས་བསྐྱར་བཞེངས་མཛད་པ་ད་ལྟའི་ཆར་སྔར་གྱི་བཞུགས་ཡུལ་ལྷ་སའི་གཙུག་ལག་གི་གཙང་ཁང་བྱམས་པ་ཆོས་འཁོར་ཁང་གི་ཕྱི་འཁྱམས་སུ་དད་ལྡན་བསོད་ནམས་བསགས་པའི་ཞིང་དུ་ལྷང་ངེ་ལྷན་ནེ་ལྷམ་མེར་བཞུགས་པ་འདི་ལགས་སོ།།

བོད་རྒྱལ་ལོ་ ༢༡༤༤ ཟླ་ ༩ ཚེས་ ༧ ཕྱི་ལོ་ 2017/10//28 ཉིན། བེ་རི་རིག་རྡོར་གྱིས་དྲ་གྲོགས་ཤིག་གི་དྲིས་ལན་དུ་ཕུལ།

མཆན།

(1) སི་ཏུ་པ་ཆོས་ཀྱི་རྒྱ་མཚོ་གངས་ལྗོངས་དབུས་གཙང་གནས་བསྐོར་ལམ་ཡིག་ནོར་བུ་ཟླ་ཤེལ་གྱི་སེ་མོ་དོ། བཀྲ་ཤིས་ལྗོངས་པར་མ། ཤོག་ངོས་རེ་གསུམ་ ས ཐིག་ཕྲེང་ ༡

(2) ཆོས་རྗེ་ཀུན་མཁྱེན་ཆེན་པོའི་སྐྱེས་རབས་ཁྱད་པར་དུ་འཕགས་པ། ཀུན་སྤངས་ཆོས་གྲགས་དཔལ་གྱིས་བརྩམས། ཛཾ་ཐང་པར་མ། པོད། ཀ ཤོག་ངོས། ༡༣༢ ཉ

(3) ཇོ་ནང་ཆོས་འབྱུང་ཟླ་བའི་སྒྲོན་མེ། བློ་གྲོས་གྲགས་པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ཤོག་ངོས་ ༣༥ ཐིག་ཕྲེང་ ༢༢

(4) ཆོས་རྗེ་ཀུན་མཁྱེན་ཆེན་པོའི་སྐྱེས་རབས་ཁྱད་པར་དུ་འཕགས་པ། ཀུན་སྤངས་ཆོས་གྲགས་དཔལ་གྱིས་བརྩམས། ཛཾ་ཐང་པར་མ། པོད། ཀ ཤོག་ངོས། ༡༣༧ ཉ

བསྐྱར་བཅོས།: ༢༠༡༧/༡༠/༣༡

Leave a Reply