རྗེ་བླ་མའི་མཚན་གྱི་རྣམ་གྲངས་དང་། ཆོས་རྗེ་དོན་རིན་པ་དང་ཀླུ་འབུམ་ཚང་། (སྨད)

ཨ་ཚོགས་བློ་བཟང་མཁས་བཙུན།

གསུམ་པ།

བསམ་གྱིས་མི་ཁྱབ་པའི་གནས།
བྱ་ཁྱུང་དགོན་ནི་ས་གླང་ཕྱི་ལོ(1349)ལོ་ལ་བཏབ་ཞིང་། དེ་ནས་བརྩིས་པའི་ལོ་བརྒྱད་པར་རིན་པོ་ཆེ་འདི་ཉིད་འཁྲུངས། རྗེ་འཁྲུངས་པའི་སྔ་ལོ་ནས་ཆོས་རྗེ་ཉིད་ཆུ་དཀར་རི་ཁྲོད་དུ་བཞུགས་པ་ཡི་དམ་གྱི་ལུང་བསྟན་ནས་གསལ་ཞིང་། རྗེ་འཁྲུངས་པའི་ལོ་དེ་གར་ཡང་དེར་བཞུགས་པ། རྗེ་འཁྲུངས་པའི་ཉིན་གྱི་ནངས་སྔ་མོ་དེར་བུ་ཆུང་སྲུང་བ་དང་། རྟེན་འབྲེལ་བསྒྲིག་དགོངས་པའི་ཉེ་གནས་ཚུལ་ཁྲིམས་དང་ལྡན་པ་ཞིག་འབྱོར་བས་གོ།

རྗེ་འཁྲུངས་པའི་ལོ་གསུམ་པ་དང་། དྲུག་པར་ཡང་མུ་མཐུད་དེར་བཞུགས་པ། རྗེ་མཁས་གྲུབ་པའི་<<རྗེའི་རྣམ་ཐར་དད་པའི་འཇུག་ངོགས>>ལས། དེ་ལྟ་བུའི་གཞོན་ནུ་དེ་ཉིད་དགུང་ལོ་གསུམ་བཞེས་པའི་ཚེ། ཆོས་རྗེ་དོན་གྲུབ་རིན་ཆེན་པ་དེ་ཉིད། རྗེ་འདིའི་ཡབ་ཀྱིས་གདན་དྲངས་པ་ཞིག་གི་དུས། ཁོང་པས་ཡབ་ལ་རྟ་དང་ལུག་ལ་སོགས་པ་ཟང་ཟིང་གི་གནང་སྦྱིན་དཔག་ཏུ་མེད་པ་མཛད་ནས། ཁྱོད་ཀྱི་བུ་འདི་ང་ལ་ཕུལ་ཅིག་ཅེས་བཀའ་གནང་བ། ཡབ་ཀྱིས་ཀྱང་དང་དུ་བླངས་ཏེ་སྤྲོ་དགའ་དང་བཅས་པས་ཕུལ། དེ་ནས་དགུང་ལོ་བདུན་པ་ལ་ཉེ་བར་བབ་པ་ན་ཆོས་རྗེ་དེའི་ཞབས་དྲུང་དུ་ཕེབས་པར་མཛད་དེ། ཞེས་དེ་ལྟར་ཆོས་རྗེ་རིན་པོ་ཆེ་དེ་བས། མ་ཡིས་བུ་དང་བྱ་ཡིས་ཚང་སྲུང་བ་ནང་བཞིན། གནས་འདིར་ཆེད་དུ་རིན་པོ་ཆེ་འདི་བ་ཁོ་ན་ཐུགས་ལ་བཅགས་ཤིང་སྤྱན་གྱིས་འཚོས་ཏེ། སྲུང་ཞིང་སྒུག་བསྡད་པ་ནི་ཇི་འདྲའི་ཡིད་འགུལ་ཐེབས་པ་ཞིག་རེད་ཨང་།

གནས་འདིའི་ཡུལ་མི་རྣམས་ཀྱི་ངག་རྒྱུན་ལ། རྗེ་ཆུང་ངུ་དུས་ཉིན་རྒྱུན་པར་ཆོས་རྗེ་བའི་དྲུང་། རི་ཁྲོད་ལ་དཔེ་ཆ་བསླབ་ཏུ་འགྲོ་བཞིན་པ་དང་། དེ་ཡང་ལམ་ཁ་ཐང་དཀྱིལ་ན་ཤིང་སྡོང་ཁེར་སྐྱེས་གཅིག་དང་། རི་ཁྲོད་ཀྱི་ལྟག་ན་དེ་མཚུངས་ཀྱི་ཤིང་སྡོང་ཞིག་ཡོད་པ་དེར་ལམ་རྟགས་འཛིན་པ་དང་། ས་རྟགས་དེ་ཡང་སྔར་ཆོས་རྗེ་བའི་ཕྱག་རྟེན་ཡིན་པ་ལ། རྗེས་ནས་རིམ་པར་སྡོང་བོར་རྒྱས་པར་བཤད། འདི་ནི་ཤིན་ཏུ་དག་པའི་ངག་རྒྱུན་ཅིག་ཡིན་འདྲ་བསམས་སོ། དེང་སང་ཡང་རྐང་ལམ་བརྒྱུད་ན་ཤིང་སྡོང་དེ་གཉིས་ནི་ལམ་ཁ་མི་ནོར་བའི་གཟེར་ལྟ་བུར་ཡོད།

ད་དུང་ཡང་ངག་རྒྱུན་གཅིག་ནི། ཡབ་གཞིས་ཀླུ་འབུམ་ཚང་གི་གནས་ཡུལ། ད་ལྟའི་གསེར་སྡོང་ཆེན་མོ་བཞུགས་ས་འདི་ཏག་ཏག་མིན་པར། འདིའི་སྨད་ཙམ་ལ་ཡོད་པ་དང་། མཛོ་མོ་གཅིག་རྒྱུན་པར་གནས་འདིར་ས་འཐེན་ནས་ཤོར་འགྲོ་བའི་རྗེས་འདེད་ལ། མ་ཡུམ་ཕེབས་པས་དེར་འཁྲུངས་པར་ཡང་བཤད། ཙན་དན་གྱི་སྡོང་བོ་འཁྲུངས་ཚུལ་དང་། སཙྪ་བཏབ་སྟེ་འབུམ་པ་བཞེང་བའི་གསུང་བཀོད་བཅས་ལས་ངག་རྒྱུན་རང་ག་བ་ཞིག་མ་རེད་བསམ། ད་ནས་དཀྱུས་ལ་འཇུག་གོ།

དེ་ནས་དགུང་ལོ་བདུན་ལ་ཉེ་བར་བབ་པ་ན་ཞེས་དགུང་ལོ་དྲུག་པའི་ལོ་མཇུག་ཙམ་ལ། རིན་པོ་ཆེ་འདི་བ་ཆོས་རྗེ་ཉིད་ཀྱིས་སྐུ་ལ་པང་སྟེ། རྒྱ་མཚོའི་གླིང་ནས་ཡིད་བཞིན་གྱི་ནོར་བུ་ལོན་པའི་ཚོང་དཔོན་ནང་བཞིན། ཐུགས་ཡིད་ཤིན་ཏུ་ཚིམ་ཞིང་བློ་དགྱེས་ཚོར་ཆེན་པོ་སྒོ་ནས་བྱ་ཁྱུང་དགོན་ལ་ཕྱག་བཏེགས། དེ་ནས་དགོན་དེར་གཏན་ཆགས་པར་བཞུགས་པ་ཡིན་ཏེ། དེའི་བར་ཆུ་དཀར་རི་ཁྲོད་དུ་རིན་པོ་ཆེ་འདི་བ་སྲུང་ཞིང་བཞུགས་བསྡད་པའི་རྣམ་ཐར་ནི། མིའི་རིགས་ཀྱི་བསམ་གྱིས་མི་ཁྱབ་པའི་གནས། བླ་མ་དེའི་རྟོགས་པའི་ཚད་ཇི་འདྲ་ཡོད་པ་གོའོ། བྱ་ཁྱུང་དགོན་ནི་རྗེའི་འཁྲུངས་ཡུལ་གྱི་ཤར་ལྷོའི་ཕྱོགས་དང་། དེ་ནས་ལམ་ཐག་སྤྱི་ལེ་བརྒྱ་ཕྲག་ཙམ་གྱི་གནས་དང་། ཙོང་ཁའི་སྐྱེས་རིའི་ཉིན་ངོ་ན་ཡོད།

བཞི་བ།

ཆོས་རྗེ་དོན་རིན་པ་གང་གི་ཡིན།
དེ་ལྟར་བྱིས་པ་ཞིག་སྐྱེས་མ་ཐག་པའི་གནས་སྐབས་དང་པོ་དེར། ཡོངས་གྲགས་ཀྱི་ཆོ་ག་ཞིག་མཆིས་པ་ནི། རབ་སྐྱེས་ཆེན་དམ་པ་ཞིག་དང་། དེ་མིན་ཡང་ཁ་རྒྱས་དབང་ཐང་ཅན་ཞིག་གིས། སྐྱེས་སྐར་ལ་བལྟ་ཞིང་མིང་ནས་འབོད་དགོས་པ་ནི་ལས་ཀྱི་ཐོག་མ་རེད། དེ་བས་རྗེ་འདི་བར་ཡང་བླ་མ་ཀརྨ་བར་མ་མཇལ་སྔོན་གྱི་དགུང་ལོ་གཅིག་ནས་གསུམ་རག་བར། མཚན་གྱི་རྣམ་གྲངས་གཞན་ཞིག་བཞུགས་པ་ནི་སྨོས་མ་དགོས་པས། འོ་ན། མཚན་ནས་འབོད་མཁན་དེ་སུ་ཡིན་དང་། མཚན་གྱི་རྣམ་གྲངས་དེ་ལ་གང་ཟེར་ཞེས་པ་གཉིས་ནི། དྲི་བ་གཡོལ་ཐབས་མེད་པ་ཞིག་དང་། དེ་མཚུངས་བོད་ཀྱི་རྒྱལ་རབས་ཆོས་འབྱུང་དག་ལ་ཆ་བཞག་ན། འདི་གཉིས་དཀའ་གནད་ཆེ་བ་གཉིས་ཀྱང་རེད།

ཡིན་ནའང་། འདིར་ལས་སླ་བོར་ཐག་གཅད་ཆོག་པ་གཅིག་རང་ཡོད་པ་དེ་ནི། མཚན་གྱི་རྣམ་གྲངས་དེ་༧ཆོས་རྗེ་དོན་རིན་པ་དང་འབྲེལ་བ་ཆེན་པོ་ཡོད་པ་དེ་ཡིན། འབྲེལ་བ་དེར་ངེས་ཤེས་ཟབ་མོ་ཞིག་འབྱུང་བ་ལ། ཐོག་མར་ཆོས་རྗེ་དོན་རིན་པའི་རྣམ་ཐར་གསལ་བོ་ཞིག་ལ་རག་ལས་མོད། འོན་ཀྱང་། རླབས་ཆེན་གྱི་སྐྱེས་བུ་དེ་འདྲ་ལ། རྣམ་ཐར་རྒྱས་པ་ཕར་ཟད་འཁྲུངས་ཡུལ་ཀྱང་ངེས་གཏན་མེད་པར་རྩོད་པ་ཅན་དུ་གྱུར་བ་ནི་ཡི་མུག་པའི་གནས་སོ།

རྗེ་དགུང་ལོ་ཆུང་ངུའི་དུས་དབུས་གཙང་ལ་ཕེབས་པས། རྗེ་མཁས་གྲུབ་པས་ཀྱང་། དེའི་འཁྲུངས་ཡུལ་ནི་མདོ་ཁམས་སྨད་ཡིན། གཞོན་ནུ་ལ་རབ་ཏུ་བྱུང་ཞིང་དབུས་གཙང་དུ་བྱོན། སྙེ་ཐང་པ་བཀྲ་ཤིས་སེངྒེ་སོགས་ལ་ཕར་ཕྱིན་དང་བྱམས་ཆོས་ཐམས་ཅད་མཁས་པར་བསླབས། གཙང་གི་སྣར་ཐང་དུ་བྱོན་ཞེས་དང་། ཞྭ་ལུར་བྱོན་ནས་ཐུགས་རྗེ་ཆེན་པོ་རང་བྱོན་གྱི་དྲུང་དུ་གསོལ་བ་དྲག་ཏུ་བཏབ་ཅིང་། ཞབས་ལ་ཁྲག་བརྡོལ་གྱི་བར་ཉིན་མཚན་དུ་སྐོར་བ་མཛད་པས། བློ་གྲོས་ཀྱི་ནུས་པ་མཆོག་ཏུ་གྱུར་བ་འཁྲུངས་ཏེ་ཞེས་དང་། མཐུན་རྐྱེན་དཀོན་པོ་བྱུང་ཡང་སྣར་ཐང་བའི་སྐྱོ་ཚུལ་ལ་བརྟེན་ནས་ཀྱང་ལེགས་པར་སྦྱངས། ཞེས་དང་། དེ་རྗེས་ཞྭ་ལུར་གྲྭ་སྐོར་ལ་བྱོན་པས་རིན་པོ་ཆེ་བུ་སྟོན་ཐམས་ཅད་མཁྱེན་པ་གདན་སར་ཕེབས་འདུག་པ་ལའང་། ཚོགས་སུ་བགྲོ་གླེང་མཛད་པས་ལེགས་པར་ཟིན། མཁས་པའི་གྲགས་པའང་ཐོབ། སླར་མདོ་སྨད་དུ་བྱོན། ཤིང་ཀུན་སྡེ་གསར་གྱི་མཁན་པོ་མཛད། ཅེས་འཁྲུངས་ཡུལ་གང་ཡིན་མདོ་ཁམས་སྨད་ཅེས་པ་ཙམ་ལས་གསལ་ཁ་གསུངས་མེད་པ་དང་། དབུས་གཙང་ནས་ཕྱིར་ཕེབས་དང་པོའང་རེབ་གོང་དང་ཤ་སྦྲང་མིན་པ་གཅིག་བགྱིས།

ཡང་དེར། དེའི་སྐབས་ཤིག་ཏུ་བདེ་བ་ཅན་གྱི་གདན་ས་མཛད་པར་ཞུ་བའི་གདན་འདྲེན་པ་བྱུང་བས་དབུས་སུ་ཕེབས་ཞེས་པ་ནས། ཡབ་ཆོས་སྡིངས་སུ་སྐྱེས་མཆོག་རྟོགས་ལྡན་པའི་དྲུང་དུ་སྒྲུབ་པ་ལ་བྱོན། ཕྱག་རྫས་གང་ཡོད་བླ་མ་ལ་ཕུལ། སྒྲུབ་པ་ལ་རྩེ་གཅིག་ཏུ་དྲིལ་བས་ཞི་གནས་ཀྱི་མྱོང་བ་ཁྱད་པར་ཅན་འཁྲུངས། དེ་རྗེས་མདོ་སྨད་ལ་བྱོན། བྱ་ཁྱུང་དང་། ཤ་སྦྲང་དགོན་ཟེར་བའི་དགོན་པ་གཉིས་བཏབ་ཅེས་དབུས་ཕེབས་གཉིས་པའི་ཕྱིར་ཕེབས་ནི། གཟོད་རེབ་གོང་ཕྱོགས་ལ་ཡིན་པ་དང་། དེ་ཡང་བླ་མའི་ལུང་བཞིན་ཕེབས་པ་གཉིས་ལ་བསམ་གཞིག་བྱ་རྒྱུ་ཞིག་འདུག

ད་དུང་ཤྭ་རྫོང་ཡིན་རྒྱུ་ལ་ཤ་སྦྲང་དུ་གོ་ནོར་ཐེབས་པའི་དོགས་པ་སློང་མཁན་ཡང་འདུག སྤྱིར་ལུང་བསྟན་གྱི་ཆོས་གཞིས་ཕལ་ཆེར་ཞིག་སྔར་མེད་གསར་རྐྱང་མ་ཡིན་པར། སྔར་ཡོད་རྒྱ་བསྐྱེད་ཀྱི་དགོངས་གཞི་དགོས་པ་ཅན་ལ་བལྟ་དགོས། ཤྭ་རྫོང་རི་ཁྲོད་སྨྲོས་མ་དགོས། བྱ་ཁྱུང་ཡང་སྔར་གྱི་ཆོས་གཞིས་རྙིང་གྲས་ཡིན་པ་ཆོས་རྗེ་བ་དེར་སླེབས་དུས། བོན་གྱི་ཆོས་གཞིས་ཤིག་ཡོད་པས་གོ། བསྟན་པ་སྔ་དར་གྱི་ལྷ་བཙན་པོའི་སྐུ་རིང་ལ། མདོ་སྨད་དུ་ཆོས་གཞིས་སྒོམ་གྲྭ་མང་པོ་བརྒྱབ་པ། ལྡེའུ་ཆོས་འབྱུང་རྒྱས་པར་གསལ་བས་དེར་བལྟའོ།།

ཡང་མཁས་པ་ལ་ལས། འདིའི་འཁྲུངས་ཡུལ་དང་རིགས་རུས་ནི་ས་སྐྱ་ཡིན་ཞེས་པ་དང་། ས་སྐྱ་ནས་མཆེད་པའི་རེབ་གོང་གི་ཡུལ་ཡིན་ཞེས་པའི་ཞིབ་ཆེ་བའི་ལུགས་དང་། རང་ལུགས་ལ་རྨ་ཆུའི་ལྷོ་ངོས་རེབ་གོང་གི་ཆར་འཁྲུངས་ཞེས་རྩིང་ཆེ་བ་གཉིས་ཀྱི་འགལ་སྤོང་ཇི་ལྟར་མཛད།

ཆོས་རྗེ་དོན་རིན་པ་བཞུགས་པའི་ཉིན་ངོ་ལ་དོན་རིན་ཉིན་དང་། དོར་ཉིན་ཅེས་མཚན་རྗེན་པར་འབོད་པ་དང་། ཤ་སྦྲང་ནས་ཧོར་མི་གླེན་པ་ལ་ཡོན་བདག་མི་བྱེད་ཅེས་ཕེབས་པ་དང་། སྣང་ར་ནས་བྲག་བྱ་ཁྱུང་བརྩད་གཅད་དགོས་ཐུག་པ་དང་། ཨ་མེས་དོན་གྲུབ་སེང་གེས་ཀྱང་གྲོགས་དན་ཡོང་མེད་པ། གནས་སྟོན་རྒན་མོས་ཀྱང་ཁྲོ་ཚུལ་གྱིས་རྣམ་འགྱུར་ཡག་པོ་མ་བསྟན་པ་དང་། རྨ་ཁའི་ཟྭར་རྩ་དང་ར་ཕྱར་གྱི་བཞུགས་གདན་དང་། རྨ་ཆུའི་རབ་བརྒལ་བར་སྐུ་འཁོར་ནང་མ་གཅིག་ལས་མེད་པ་བཅས་དང་། ཁྱད་པར་རྨ་ལྷོ་བརྒྱུད་ནས་རིམ་པས་གནས་གཞི་དང་གདན་ས་འཚལ་ཀིན། རྨ་བྱང་བརྒྱུད་བཱ་ཡན་དང་ཙོང་ཁ་ལ་ཐུག་པའི་བར་ཡུལ་བུད་པ་ལྟ་བུ་བྱུང་པ་བཅས་ནས། ཡུལ་དེའི་མི་མིན་པའི་འགྲོ་དོན་ཕྱོགས་མེད་སྐྱོང་ཞིང་། སྦས་པའི་བརྟུལ་ཞུགས་འཛིན་པའི་སྐྱེས་ཆེན་ཞིག་གི་རྣམ་ཐར་གསལ་བོ་འདུག་པས། ཀུན་གྱིས་ཐག་གཅོད་དང་སྨྲ་བ་མ་མང་པར་བསམ་གཞིག་བྱ་རྒྱུར་བསྡད་ན་འགྲིག དེ་མིན་འཁྲུངས་ཡུལ་དང་འཁྲུངས་གཞིས་ལ་གསལ་ཁ་དེ་ཙམ་མེད་པ་ག་ལ་སྲིད།

ད་དུང་རྗེ་རྟོགས་ལྡན་འཇམ་དཔལ་བའི་<རྗེའི་རྣམ་ཐར་ཟུར་འདེབས>>ལས། བདེ་བར་འཁྲུངས་པའི་ནངས་པར་ཡུལ་དེ་ན་བླ་མ་སྔགས་མཚན་ཉིད་ཀྱི་ཡོན་ཏན་རྒྱ་ཆེན་པོ་དང་ལྡན་ཞིང་། ཁྱད་པར་དུ་རྡོ་རྗེ་འཇིགས་བྱེད་ལ་གྲུབ་པ་བརྙེས་པ་དོན་གྲུབ་རིན་ཆེན་ཞེས་བྱ་བ་ཞིག་ཡོད་པ་དེས། ཞེས་རང་ས་རང་མིའི་བཟོ་འདྲ་བོ་ཡང་གསུངས་འདུག་པས། ངག་རྒྱུན་གྱི་ཆོས་གཞིས་དང་སྒྲུབ་གནས་ཙམ་གྱིས་འཁྲུངས་ཡུལ་མི་འགྲུབ་ཅིང་། འཁྲུངས་གཞིས་དང་ཡབ་ཡུམ་སོགས་གསལ་བོ་མེད་ན། དེར་བཞུགས་དང་ཕེབས་པ་ཙམ་རྒྱུ་མཚན་ཏུ་བཀོད་པའི་འཁྲུངས་གཞིས་གང་ཡིན་སྒྲུབ་པའང་ཅུང་ཟད་ཐལ་བ་མེད་འགྲོ། རྗེ་རྟོགས་ལྡན་པའི་<<རྗེའི་རྣམ་ཐར་ཟུར་འདེབས་>>ནི། རང་ས་རང་མིའི་ཁྱད་ཀྱི་མྱོང་ཆ་དང་། རིགས་ཤིག་རྗེས་སུ་བརྩད་གཅོད་ལ་ཞུགས་པའི་བྲིས་ཀྱང་ཡིན་སྙམ་པ་ཁུངས་ཤིན་ཏུ་དག་པར་ཡོད།

དེ་བས་རྒྱུ་མཚན་མང་པོ་ཞིག་གིས་ཆོས་རྗེ་དོན་རིན་པ་ནི་བཱ་ཡན་ཕྱོགས་དང་། ཙོང་ཁའི་ཡུལ་མདོ་སྨད་བྱང་བརྒྱུད་ལ་འབྲེལ་བ་ངེས་ཅན་ཡོད་པ་སུས་ཀྱང་བསྙོན་མི་ནུས་པ་ནི། ཁོང་གི་གདན་ས་བཱ་ཡན་ན་ཡོད་པ་དང་། སྒྲུབ་གནས་ཙོང་ཁར་ཡོད་པ། ཆོས་བརྒྱུད་བཀའ་གདམས་ཡིན་པ་བཅས་ནས། ཁོང་གར་འཁྲུངས་གང་གི་ཡིན་གྱི་རྩོད་པ་རང་འདུམ་ལ་འགྲོའོ་སྙམ་པའི་མཐོང་ཚུལ་ཅིག་ཀྱང་ངང་གིས་ཡོང་།

ཁོང་རིགས་ཆོས་བརྒྱུད་ཀྱང་བཀའ་གདམས་ཡིན་པ། རྗེ་མཁས་གྲུབ་པས། གཞོན་ནུ་ལ་རབ་ཏུ་བྱུང་ཞིང་དབུས་གཙང་དུ་བྱོན། སྙེ་ཐང་པ་བཀྲ་ཤིས་སེངྒེ་སོགས་ལ་ཕར་ཕྱིན་དང་བྱམས་ཆོས་ཐམས་ཅད་མཁས་པར་བསླབས་ཞེས་པ་དང་། དེའི་སྐབས་ཤིག་བདེ་བ་ཅན་གྱི་གདན་ས་མཛད་པར་ཞུ་བའི་གདན་འདྲེན་པ་བྱུང་བས་དབུས་སུ་ཕེབས་ཞེས་དང་། ཁོང་བ་རྡོ་རྗེ་འཇིགས་བྱེད་ཀྱི་གྲུབ་པ་བརྙེས་པའི་རྣལ་འབྱོར་བ་ཡིན་པ་དང་། ཆོས་སྐྱོང་མགོན་པོ་ཕྱག་དྲུག་པ་ཡིན་པས་ཀྱང་ཆོས་བརྒྱུད་གང་ཡིན་ཤེས། རྗེ་མཁས་གྲུབ་པའང་རྗེ་ལ་མཇལ་དུས་ཡི་དམ་གཤེད་དམར་ཡིན་པ་ནས་ཕྱོགས་ཙམ་གོ།

རྗེ་མཁས་གྲུབ་པའི<<རྗེའི་རྣམ་ཐར་དད་པའི་འཇུག་ངོགས་>>ལས། ཤེས་རབ་སྐྱེད་པའི་ལྷ་འཇམ་དབྱངས་ཨ་ར་པ་ཙ་ན། ཚེ་ལྷ་ཚེ་དཔག་མེད་ཛེ་ཏཱ་རི། མཐུན་རྐྱེན་སྒྲུབ་པའི་ལྷ་རྣམ་སྲས། མི་དང་མི་མ་ཡིན་གྱི་གནོད་པ་སྐྱོབ་ཅིང་དངོས་གྲུབ་སྒྲུབ་པའི་ལྷ་མགོན་པོ་ཕྱག་དྲུག་པ་རྣམས་ངའི་ཡང་ཡི་དམ་ཡིན་ཞིང་། ད་ཁྱེད་ལ་སྟེར་བ་ཡིན་པས་འདི་རྣམས་ཀྱི་བསྙེན་སྒྲུབ་དང་གཏོར་མ་བཅས་མ་ཆག་པ་གྱིས་ཞེས་གསུངས་པས། མགོན་པོ་གུར་དང་ཞལ་སོགས་ཀྱི་སྒྲོས་མི་གནང་ངོ་།

རྗེ་མཁས་གྲུབ་པའི་འདི་བའི་རྣམ་ཐར་ལ་དཔྱད་ན། ས་སྐྱ་ལ་འབྲེལ་བ་མེད་པ་ལྟ་བུ་ཞིག་ཡོད། ཐུགས་གཉེར་བདེ་བ་ཅན་དང་སྣར་ཐང་དུ་གནང་ཞིང་། གྲྭ་སྐོར་ཞྭ་ལུར་མཛད་པ་དང་། གདན་ས་མཛད་པའི་ཞུ་བ་བདེ་བ་ཅན་ནས་ཕེབས་པ་དང་། སྒྲུབ་པ་ཡབ་ཆོས་སྡིངས་སུ་མཛད་པ། ད་དུང་རྗེ་བླ་མས་དབུས་གཙང་དུ་དང་པོར་གཏུགས་སའང་། བླ་མ་སྙེ་ཐང་པ་བཀྲ་ཤིས་སེངྒེ་ཡིན་པའང་རྗེ་འདི་བའི་ཐུགས་བཀོད་ཡིན་སྲིད་པ་དང་། ཡང་རྗེ་མཁས་གྲུབ་པས། དེ་ཡང་ཁོང་པས་སྣར་ཐང་དང་བདེ་བ་ཅན་དུ་ཇ་སྐོལ་དང་འབུལ་བ་མང་དུ་བཏང་ཞེས་ཇ་སྐོལ་དང་འབུལ་བ་བཏང་བའི་ཁོངས་སུའང་ས་སྐྱ་ཚུད་མེད། རྗེ་ཡབ་སྲས་ལ་ས་སྐྱ་ནས་མཆེད་མ་མཆེད་ལ་དེ་ཙམ་དོ་གལ་ཡོད་མེད་ཅི་ཤེས་ཀྱང་། རྗེ་ས་སྐྱར་སློབ་གཉེར་སྐབས་ས་སྐྱའི་བླ་བྲང་དུ་བཞུགས་པའི་སྒྲོས་ཡབ་སྲས་གཉིས་ཀར་མི་སྣང་སྟེ། རྗེ་མཁས་གྲུབ་པ་ས་སྐྱའི་གྲྭ་རྒྱུན་ཡིན་པའི་ཆ་ནས་རང་རེ་ལས་དུས་གནས་གང་ཅིས་གསལ་ཆ་ཆེ་བ་མེད་འགྲོ་བསམས།

མདོར་བསྡུས་ན། འཁྲུངས་ཡུལ་ཡིན་ངེས་པ་ཐེ་ཚོམ་མེད་པ་ནི། ཤིང་ཀུན་སྡེ་གསར་གྱི་ལྷ་སྡེ་མི་སྡེ་ཁྲོད་དང་། ཡང་ན། སྔོན་དུས་རྒྱ་བོད་གཉིས་ཡང་ཡང་གདོང་ཐུག་ཡོང་སའི་གནས། ཀླུ་ཆུ་ལ་ཐའོ་ཆུ་རུ་འབོད་པའི་རྒྱུད་དེ། དེང་གི་ཅོ་ནེ་དང་ཀླུ་ཆུའི་ཡུལ་་དང་ཕྱོགས་ཙམ་ཉེ་བའི་ཡུལ་དེ་དག་གང་རུང་ངོ། དེ་ཡང་འགྲོ་དོན་ཕྱོགས་མེད་སྐྱོང་བའི་སྐྱེས་ཆེན་ཞིག་གི་རྣམ་ཐར་གསལ་བོ་འདུག་པ་གོང་དུ་སྨྲས་ཟིན་པ་དང་། དོན་འགྱུར་གྱི་ཐེ་ཚོམ་ཅན་ནི་བཱ་ཡན་དང་ཙོང་ཁ་ཕྱོགས་དང་། དེ་མིན་པའི་ཡུལ་ལུང་སོ་སོའི་ངག་སྒྲོས་ཐན་ཐུན་ལ་ནི་སྙིང་བོ་ཅི་ཡང་མེད་དེ། ཇོ་རུ་ལ་ཁྲི་ཐོབ་ནས་འཛམ་གླིང་གི་རྒྱལ་པོར་་གྲགས་པའི་ལོ་རྒྱུས་རེད།

ལྔ་བ།

རྗེ་བླ་མའི་མཚན་གྱི་རྣམ་གྲངས།
གང་ལྟར་ཀྱང་ཡབ་གཞིས་ཀླུ་འབུམ་ཚང་དང་། ཆོས་རྗེ་དོན་རིན་པ་གཉིས་ནི་མཆོད་ཡོན་གྱི་འབྲེལ་ཆེས་ཟབ་པའི་རིགས་ལ་ཐེ་ཚོམ་མེད་པ་དེ་ཡིན། དེ་འདྲ་ཡིན་པས་རྗེ་བདག་ཉིད་ཆེན་པོ་འཁྲུངས་པའི་སྔ་རྗེས་ལ། ཁོང་གིས་ཐུགས་ཁུར་གཟབ་ནན་གནང་བ་ཡིག་ལམ་ན་གསལ་ཞིང་དོན་ཐོག་ལ་འཁྱོལ་ཆེ་བ་འདིས། ཕྱི་རབས་བོད་ལ་འདི་ལས་སྐུ་དྲིན་ཆེ་བའི་བླ་མ་ཞིག་མ་བྱུང་བའི་ཚོད་ཡིན་ཞིང་། རྗེ་རྟོགས་ལྡན་འཇམ་དཔལ་བའི་<<རྗེའི་རྣམ་ཐར་ཆེན་མོའི་ཟུར་འདེབས་ལེགས་བཤད་ཀུན་འདུས>>ལས། ཕྱིས་ཀྱང་བུ་ཆུང་བསྐྱེད་བསྲིང་བ་དང་། འཇམ་དཔལ་དབྱངས་དང་དབྱངས་ཅན་མ་ལ་སོགས་པའི་སྒོ་ནས་ཤེས་རབ་འཕེལ་བའི་ཐབས་དུ་མའང་མཛད། ཆོས་སྒོར་འཇུག་པ་དང་། རྡོ་རྗེའི་འཕྲེང་བ་ལ་སོགས་པའི་ལག་ལེན་དང་། སྤྱོད་རྒྱུད་ལ་སོགས་པའང་གནང་ནས་མཐུན་རྐྱེན་དང་བཅས་ཏེ། དབུས་གཙང་དུ་རྫོང་བའི་རྩ་ལག་ཀྱང་བགྱིས་པ་ཡིན་པས་བཀའ་དྲིན་ཆེ་གསུངས་ནས། བླ་མ་དེའི་མཚན་བརྗོད་པ་ཙམ་གྱིས་ཐལ་མོ་སྦྱོར། སྤྱན་ཆབ་བསིལ། ད་ལྟ་ཡང་དུས་མཆོད་མ་ཆག་པར་མཛད་དོ་ཞེས་གསུངས་པས་ན། རྒྱུ་མཚན་མང་པོ་འདྲེན་མ་དགོས་པར། རྗེ་བླ་མའི་མཚན་དང་པོ་འབོད་མཁན་ནི་ཆོས་རྗེ་ཉིད་ལས་གཡོལ་ཐབས་མེད་པ། ཀླུ་འབུམ་ཚང་གི་མི་གཞིས་དང་དད་མོས་ལ་ལྟོས་པ་ཁོ་ནའོ།།

སྤྱིར་རྗེ་ལ་མཚན་གྱི་རྣམ་གྲངས་བཞི་ཙམ་ཡོད་པ་དང་། དེ་ཡང་སྐྱེས་ཆེན་ཁྱད་པར་བ་བཞིའི་ཐུགས་དད་མོས་ཕྱོགས་དང་། མཛད་རྣམ་གྱི་རྒྱབ་ལྗོངས་དང་སྐུ་ཡོན་གྱི་ཁྱད་པར་བཅས་ལ་ལྟོས་པ་ཡིན། བཀའ་གདམས་ཆོས་འབྱུང་ལས། རྗེ་ལ་བུ་སྤུན་ལྔའམ་དྲུག་གསུངས་ཀྱང་། ལྔའི་མཚན་ལས་དྲངས་མི་འདུག་པ་ནི། སྲིང་མོ་ཞིག་ཡོད་ཆེས་པས་ཡིན། ཆེ་བ་གཙུག་ཏོར་བྱམས། དེའི་འོག་ཆེ་སོ། ཚེ་དབང་རྒྱལ། ཀུན་དགའ་སྙིང་པོ། བློ་བརྟན་ཅེས་བྱུང་ངོ་། སྲིང་མོའི་མཚན་ལ་ཟོར་སྐྱིད་ཟེར་བ་དང་། ཡུལ་འདིའི་ཟོར་རྒྱ་ཞེས་པའི་སྡེ་བ་ཁོ་མོའི་གནས་ཡུལ་ཡིན་ཞིང་། མོའི་མཚན་ལས་འཕྲོས་ཏེ་སྡེ་མིང་ཡང་དེ་ལྟར་ཐོགས་པར་བཤད་པ་སོགས་ལ་ཁུངས་ཡོད་མེད་དང་། གང་ལ་གཏུགས་ཆ་མ་འཚལ། གང་ལྟར་གསེར་སྡོང་ཆེན་མོའི་རྟེན་སྒམ་ཁྲོད་རྗེ་ནས་ཨ་མ་དང་ལྷན་ཨ་ཅེས་ལའང་སྐུ་ཐང་ཞིག་བསྐུར་བ། དམ་པའི་གསུང་རྒྱུན་དང་རིག་དངོས་གཉིས་ཀ་ད་ལྟའང་བྱིན་རླབས་ཀྱི་དྲོད་མ་ཉམས་པར་བཞུགས།

དེ་ནས་ཆོས་རྗེ་དེ་ཉིད་དབུ་ཚད་ཀྱི་རིགས་པ་སྨྲ་བའི་སྐུ་ཡོན་གྱི་ཆ་དང་། དུས་ཐོག་དེར་ལུང་རིགས་སྨྲ་བ་ལ་ས་སྐྱ་དང་། ༧ས་སྐྱ་པཎ་ཆེན་གྲགས་ཆེ་བས་རྟེན་འབྲེལ་གྱི་དཔྱད་ཀྱིས་ཁོང་གི་མཚན་ནས་དྲས་ཏེ། ཀུན་དགའ་ཞེས་པའི་མཚན་གསོལ་བ་ནི་སྐྱེས་ཆེན་ཞིག་གིས་མིང་འབོད་ལུགས་ཏེ། ཡབ་མི་ལ་ཤེས་རབ་རྒྱལ་མཚན་གྱིས། རང་གི་བུ་ལ་མཚན་གསོལ་བའི་རྟེན་འབྲེལ་གྱི་གནད་དང་འདྲ་བོ་ཞིག་འདུག དེས་ན་རྗེའི་མཚན་དང་པོ་ནི་ཀུན་དགའ་ཞེས་མཇུག་ན་སྙིང་པོ་ཞེས་པ་མེད་པའམ། དང་པོ་ནས་ཀུན་དགའ་སྙིང་པོ་ཞེས་གསོལ་ཡོད་ཀྱང་སྲིད་སྙམ་པ་དཔྱད་པའི་གཞི་ཙམ་ཡིན།

ཡང་རྗེ་མཁས་གྲུབ་པས། གཞོན་ནུ་འདིས་རབ་ཏུ་བྱུང་པའི་ལོའི་གྲངས་སུ་མ་སོན་སྔ་རོལ་ཏུ། ཆོས་རྗེ་ཀརྨ་པ་རོལ་པའི་རྡོ་རྗེ་ལས་དགེ་བསྙེན་གྱི་སྡོམ་པ་ཡོངས་སུ་རྫོགས་པར་མནོས་ཏེ། མཚན་ཡང་ཀུན་དགའ་སྙིང་པོ་ཞེས་བཏགས་སོ། ཞེས་རྗེའི་མཚན་གཉིས་པ་ཀུན་དགའ་སྙིང་པོ་ནི། ཆོས་རྗེ་ཀརྨ་བ་རོལ་བའི་རྡོ་རྗེས་གསོལ་གནང་པ་རྣམ་ཐར་ཡོངས་གྲགས་ཡིན་མོད། དགེ་བསྙེན་ལ་བརྗེ་བ་གསུམ་འགྲོ་ངེས་ཅན་མེད་པ་དང་། དང་པོའི་མཚན་གསོལ་སྔར་ནས་ཆོས་རྗེ་བ་དང་། དེ་ཡང་ཤར་ཕྱོགས་པ་རིགས་པའི་དཔའ་བོའི་ར་སྤྲོད་ཀྱང་། སྙན་དུ་སོན་ཡོད་ལོས་ཆེ་པས། དེ་འགུལ་ལྕོག་རྒྱག་ནུས་པ་སུ་ཡོད། དེ་བས་སྔར་ཡོད་མཚན་ལ་ས་ཆེན་ཀུན་དགའ་སྙིང་པོ་དང་། བཀའ་བརྒྱུད་མེས་པོ་སྒོམ་པ་ཚུལ་ཁྲིམས་སྙིང་པོའི་མཚན་ནས་དྲས་ཏེ། ཀུན་དགའ་སྙིང་པོ་ཞེས་གསོལ་བའམ་རང་འཇགས་གནང་བ་གང་རུང་ལས་མ་འདས་སོ།

ད་དུང་གཅིག་བགྱིས་ན། རྗེ་ཀརྨ་བའི་མདུན་དུ་ཕེབས་པའང་ཆོས་རྗེ་བའི་དགོངས་པ་ཡིན་སྲིད་ཅིང་། ཁོང་ཡང་གཞོན་ནུ་ལ་རབ་ཏུ་བྱུང་ཞིང་དབུས་གཙང་ལ་ཕེབས། ཞེས་པའི་རབ་ཏུ་བྱུང་གནས་ཀྱང་རི་ཁྲོད་འདི་མིན་པའི་ངེས་པ་མེད། རྗེ་ཀརྨ་པའི་(1340~1383)ཕེབས་ལམ་ལ་ཁེལ་པར་བལྟས་ན། དེ་དུས་མདོ་སྨད་དུ་ཤྭ་རྫོང་རི་ཁྲོད་ནི་བསྟན་པའི་མེ་རོའི་རྒྱུན་ལྷག་པར་འབར་བའི་ཡུལ་གཅིག་པུ་དེ་ཡིན་པའམ་སྲིད། འདིའི་གནས་ཡིག་དཀར་ཆག་ན། རྒྱའི་ལོ་ཙཱ་བ་ཆེན་པོ་བཙུན་པ་ཧྥ་ཞན་ཡང་གནས་འདིར་བརྒྱུད་མྱོང་པ་དང་། ཆོས་རྗེ་ཉིད་དང་འདུལ་བ་ཆོས་རྗེ་འོད་ཟེར་རྒྱ་མཚོ་སོགས་ཀྱང་ཡུན་རིང་བཞུགས་པར་གསུངས།

ད་དུང་དམར་གཙང་བྲག་དང་། བོད་ཀྱི་མཁས་པ་མི་གསུམ་གྱི་ལྷ་ཁང་དུ་གྲགས་པ་དག་ཀྱང་། ལུང་པ་གཅིག་གི་ཕུ་མདའ་བར་གསུམ་ཡིན། དན་ཏིག་ཡང་ཏིག་ཅེས་པའི་སྔོན་གྱི་བསྟན་པ་ཕྱི་དར་གྱི་ཆོས་གཞིས་མིང་གྲགས་ཅན་དེ་ཡང་། འདི་དག་དང་རི་རྒྱུད་གཅིག་གི་ལ་ཕར་རྒྱབ་ཚུར་རྒྱབ་རྨ་བྱང་རྒྱུད་ན་མཆིས། རྗེ་མཁས་གྲུབ་པས། བདུན་བརྒྱུད་མ་ཆད་པའི་གཉེན་དང་སྣག་གི་གཉེན་ཚན་ཡང་རྒྱས་པ་ཞིག་སྟེ། དེ་དག་ལས་སྔ་ཕྱིར་རབ་ཏུ་བྱུང་བ་ཡང་དག་པར་བླངས་པ་མང་པོ་ཞིག་བྱོན་པ་ཐམས་ཅད་ཀྱང་བརྟུལ་ཞུགས་མ་སྨད་ཅིང་། རྣམ་དཔྱོད་ཡངས་པའི་མིག་ཅན་ཤ་སྟག་གོ་ཞེས་གྲགས་སོ། ཞེས་གསུངས་འདུག་པ་ནས་ཀྱང་གོའོ།

ཡང་<<རྗེའི་རྣམ་ཐར་དད་པའི་འཇུག་ངོགས>>ལས། དེ་ནས་དགུང་ལོ་བདུན་པ་ལ་ཉེ་བར་བབ་པ་ན་ཆོས་རྗེ་དེའི་ཞབས་དྲུང་དུ་ཕེབས་པར་མཛད་དེ་ཞེས་དང་། ཡང་དེར། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་། རབ་ཏུ་བྱུང་བ་ཉིད་ཡང་དག་པར་བླངས་སོ་སྙམ་དུ་དགོངས་ནས་དགུང་ལོ་བདུན་པའི་ཚེ། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བར་མཛད་དེ། ངུར་སྨིག་གི་རྒྱལ་མཚན་ཡང་དག་པར་བཞེས་སོ། ཞེས་རྗེ་བླ་མ་བདག་ཉིད་ཆེན་པོ་འདི་བླ་མ་དོན་རིན་པའི་དྲུང་དུ་དགུང་ལོ་བདུན་ལ་སླེབས་མ་ཁད་ཏུ་རབ་ཏུ་བྱུང་བ་མཛད་དོ།

ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ལ་བརྗེ་བ་གསུམ་ངེས་ཅན་འགྲོ་དགོས་པས། སྔོན་གྱི་མཚན་ཀུན་དགའ་སྙིང་པོ་ནས་བློ་བཟང་གྲགས་པར་བརྗེ་བོ་བརྒྱབ་ཡོད་ཅིང་། དེ་ལྟར་རྗེའི་མཚན་གསུམ་པ་བློ་བཟང་གྲགས་པ་ནི། ཆོས་རྗེ་བ་རང་གི་བླ་མ་༧མཆིམས་བློ་བཟང་གྲགས་པའི་ལུང་བསྟན་ནང་བཞིན་གསོལ་བ། རྣམ་ཐར་རིགས་འགར་ཐོན་པའང་བདེན་ཤོས་ཆེ་སྟེ། བླ་མའི་མཚན་སློབ་མས་རྗེན་པར་མི་འབོད་ན་གཞན་ལ་བཏགས་འདོགས་སོགས་ག་ལ་ནུས། དེ་ལ་མཆིམས་བླ་མ་རང་ལ་དགོངས་གཞི་དགོས་པ་ཁྱད་པར་ཅན་བཞུགས་པ་ནི། རྗེ་བླ་མ་བློ་བཟང་གྲགས་པ་ཞེས་ས་གསུམ་དུ་ཕྱི་ནང་གསང་བའི་གྲགས་པས་མཐའ་ཆོད་ཅིང་། འཕྲིན་ལས་གདུགས་གཅིག་གི་ཁྱབ་རྒྱས་ས་ཆེན་པོ་འདི་ཡོངས་སུ་བཟུང་བའི་རླབས་མཐོང་བ་མངོན་གྱུར་བ་འདི་ལགས་ན། དེ་ལྟར་རྗེ་བླ་མའི་མཚན་གྱི་རྣམ་གྲངས་གསུམ་དུ་མངོན་ནོ།

དགུང་ལོ་ཉེར་ལྔའི་སྟེང་། ཁ་ཆེའི་པཎྚིཏ་བསོད་སྙོམས་པ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲའི་མཁན་བརྒྱུད་ལས། བསྙེན་པར་རྫོགས་པ་ལ་བརྟེན་པའི་བློ་བཟང་གྲགས་པའི་དཔལ་ཞེས་གསོལ་བར་བཤད་པ་དང་རྣམ་གྲངས་བཞིར་ཡང་ངེས། རྗེ་མཁས་གྲུབ་པས། རབ་ཏུ་བྱུང་བའི་མཚན་ལ་བློ་བཟང་གྲགས་པའི་དཔལ་ཞེས་དང་པོ་ནས་དེ་ག་གསོལ་ཡོད་དགོངས་ཀྱང་། དེ་ལྟར་ན་ཆོས་རྗེ་བའི་ཞལ་གདམས་བསླབ་བྱ་རུ། གཞོན་ནུ་བློ་བཟང་གྲགས་པ་ཁྱོད།། སྔོན་སྦྱངས་དགེ་བའི་ལས་འཕྲོ་ཅན་།། ཞེས་པའི་ཚབ་ལ། གཞོན་ནུ་བློ་བཟང་གྲགས་པའི་དཔལ།། ཞེས་འཐོན་འོས་པ་ལ་མ་ཐོན་པ་དང་། བསྙེན་རྫོགས་ལ་མིང་སྔ་མའི་རྗེས་ལ་སྣོན་པ་ཞིག་ངེས་ཅན་དགོས་པའི་སྲོལ་ག། ད་ལྟའི་བར་ཡོད་ཆེ་བ་བཅས་ནས་སྔ་མ་ཉིད་འཐད་དོ། ད་དུང་རྗེའི་ཕྱག་རྩོམ་ཆེས་ཐོག་མ<<བསམ་གཟུགས་ཐེམ་སྐས་མ>>དང་། <<ཀུན་གཞིའི་དཀའ་འགྲེལ་ལེགས་བཤད་རྒྱ་མཚོ>>གཉིས་ཀྱི་མཛད་བྱང་ལའང་། ཤར་མདོ་སྨད་པ་དང་ཤར་ཙོང་ཁ་པ་བློ་བཟང་གྲགས་པ་ཞུ་བ་ལས་མི་འབྱུང་།

ཞེས་མདོར་དྲིལ་ན་རྗེ་བླ་མའི་མཚན་གྱི་རྣམ་གྲངས་ལ། དང་པོ་ཆོས་རྗེ་དོན་རིན་པའི་ཀུན་དགའ་བ་དང་། གཉིས་པ་རྗེ་ཀརྨ་པའི་ཀུན་དགའ་སྙིང་པོ། གསུམ་པ་མཆིམས་བླ་མའི་ལུང་བསྟན་ནང་བཞིན་གྱི་བློ་བཟང་གྲགས་པ། བཞི་བ་བསྙེན་རྫོགས་ཀྱི་སྡོམ་རྒྱུད་ལ་བརྟེན་པའི་བློ་བཟང་གྲགས་པའི་དཔལ་བཅས་མཚན་གྱི་རྣམ་གྲངས་བཞི་རུ་ངེས་སོ།

སྨྲས་པ། དཔྱོད་ཤེས་རལ་གྲི་སོ་གཉིས་མ།། རྣམ་འགྲེལ་ལུགས་བརྒྱ་ལྡན་པའི་སྒོ།། དཔྱོད་ལུགས་མི་འདྲ་སྣ་ཚོགས་པ།། དཔྱད་འབྲས་མི་གཅིག་སོ་སོར་གནས།། ཞེས་བླ་མ་རྡོ་རྗེ་འཆང་༧རྗེ་བཙུན་འཇམ་དབྱངས་རྒྱ་མཚོ་མཆོག་གི་ཞལ་སྔ་ནས། ཕྱི་ལོ༢༠༡༧ བོད་ཟླ ༧ ཚེས ༩ ཉིན། བླ་བྲང་བསང་ཁོག་ཏུ་གདུགས་དཀར་བྱད་གྲོལ་གཏད་གྲོལ་གྱི་དབང་བསྐུར་ཟབ་མོ་བཀའ་དྲིན་སྐྱོང་སྐབས། དེར་དཔྱོད་པའི་སྒོ་ཙམ་ལ་རག་ཟིག་ཏུ་བཀོད་ཅིང་། དེའི་རྗེས་རྗེ་སྐུ་འབུམ་གྱི་མདུན་རིའི་སྡིངས་སུ་ཨ་ཚོགས་བློ་བཟང་མཁས་བཙུན་གྱིས་མཇུག་ཡོངས་སུ་གྲུབ་པར་བགྱིས་པ་དགེའོ།།

འདིར་ལོ་རྒྱུས་སྨྲ་བའི་དབང་པོ་གྲོགས་བྱ་མདོ་རབ་རྒྱས་ལགས་ལ། གནས་འདིར་དཔྱད་ཞིབ་ཀྱི་གྲོགས་དན་མཛད་པར་སྙིང་ནས་ཐུགས་རྗེ་ཆེ་ཞུས།ཕྱི་ལོ༢༠༡༧ བོད་ཟླ ༧ ཚེས ༢༥ ཉིན།

དཔྱད་གཞི་ཡིག་ཆ།

   རྗེ་མཁས་གྲུབ་པའི<རྗེའི་རྣམ་ཐར་དད་པའི་འཇུག་ངོགས>> རྗེ་རྟོགས་ལྡན་འཇམ་དཔལ་བའི<<རྗེའི་རྣམ་ཐར་ཟུར་འདེབས་ལེགས་བཤད་ཀུན་འདུས>> གསེར་ཏོག་ཚང་གི<<སྐུ་འབུམ་གདན་རབས>> མཁས་དབང་ཚེ་བརྟན་ཞབས་དྲུང་གི<<བྱ་ཁྱུང་གདན་རབས>> བྲག་སྒོམ་པའི<<མདོ་སྨད་ཆོས་འབྱུང་>> འབྲུག་རྒྱལ་དབང་བའི<<རྗེའི་རྣམ་ཐར་ཆེན་མོ>> ཀུན་མཁྱེན་འཇིགས་མེད་དབང་པོའི<<དགེ་ལྡན་ཆོས་འབྱུང་>>

བསྐྱར་བཅོས།: ༢༠༡༧/༡༠/༣༡

Leave a Reply