ཆབ་སྲིད་ཀྱི་སྒྲོམ་གཞི་མེད་པའི་དེང་རབས་ཅན་གྱི་སྤྱི་ཚོགས་རིང་ལུགས།

ནམ་མཁའ། ཡུ་རོབ།

རྒྱ་ནག་དམར་ཕྱོགས་ཚོགས་པའི་ཏང་གི་ཚོགས་ཆེན་ ༡༩ པ་མ་ཚོགས་པའི་ཡར་སྔོན་ནས་བཟུང་། འཛམ་གླིང་གང་སར་ཡོད་པའི་རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་། རྒྱ་ནག་གི་ཆབ་སྲིད་ཀྱི་འགྱུར་ལྡོག་ལ་རེ་སྒུག་བྱེད་པའི་བོད་མི་མང་ཡོངས་ཀྱིས་རྣ་བ་གཏད་དེ། དབུས་ཆབ་སྲིད་རྒྱུན་ལས་པ་སུ་ཡོང་མིན་དང་། མི་གྲངས་ག་ཚོད་ཡོང་མིན་སོགས་ལ་དཔྱད་གླེང་འདྲ་མིན་བྱུང་ཡོད།  ཕྱི་ཚེས་ ༢༥ ཉིན་དབུས་ཆབ་སྲིད་རྒྱུན་ལས་ཀྱི་མི་སྣ་གཏན་ཁེལ་བྱུང་སྟེ་གསལ་བསྒྲགས་བྱས་པ་རེད།

མ་འོངས་པའི་ཆབ་སྲིད་ཀྱི་འགྱུར་ལྡོག་ཅི་ཞིག་འབྱུང་མིན་ནི་སུས་ཀྱང་ཚོད་དཔག་བྱེད་དཀའ་བ་ཞིག་ཡིན་ཡང་། གུང་ཁྲན་ཏང་འཐོར་ཞིག་ཏུ་འགྲོ་བ་ལ་དུས་ཡུན་རིང་པོ་ཞིག་འགོར་མི་སྲིད་སྙམ། རྒྱུ་མཚན་ནི། ང་ཚོས་ཁ་ཕྱིར་འཁོར་ནས་གོ་མིན་ཏང་ཇི་ལྟར་འཐོར་ཞིག་ཏུ་སོང་མིན་ལ་བལྟས་ཆོག  གོ་མིན་ཏང་གིས་སྲིད་དབང་བཟུང་བའི་སྐབས། གུང་ཁྲན་ཏང་ནི་མང་དམག་ཁ་ཤས་ཞིག་གིས་བཙུགས་པའི་ཚོགས་ཆུང་ཞིག་རེད། འོ་ན་གོ་མིན་ཏང་ཕམ་ཉེས་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ཅི་ཞིག་ཡིན་མིན་དེ་དྲི་བ་ཆེན་པོ་ཞིག་རེད། འདིའི་སྐོར་ལ་རྒྱ་ནག་གི་ཆབ་སྲིད་པ་ཚོས་བཤད་ཚུལ་འདྲ་མིན་ཡོད།

འོན་ཏེ་ཕྲན་གྱི་བསམ་ཚུལ་ལ། གོ་མིན་ཏང་གི་དབང་འཛིན་པ་ཚོའི་ནང་ལྐོག་ཟ་རུལ་སུངས་མང་པོ་བྱུང་སྟེ། མི་སེར་དང་དབང་འཛིན་པ་ཚོའི་བར་དབུལ་ཕྱུག་གི་བར་ཁྱད་ཆེན་པོ་བྱུང་སྟབས། གུང་ཁྲན་ཏང་གི་མི་སྣ་ཚོས་གོ་སྐབས་བཟུང་སྟེ། འབྱོར་མེད་གྲལ་རིམ་པ་ཚོར་སྐུལ་སློང་བྱས་ཏེ་གོ་མིན་ཏང་སྲིད་གཞུང་ལ་ངོ་རྒོལ་བྱེད་དུ་བཅུགས་པ་རེད། འདི་ནི་གོ་མིན་ཏང་སྲིད་གཞུང་ཕམ་ཉེས་སུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་རེད་སྙམ།  དེ་བཞིན་དུ་གུང་ཁྲན་ཏང་གིས་རྒྱ་ནག་དབང་བསྒྱུར་བྱས་ཏེ་དུས་རབས་ཕྱེད་ཀ་ཕྱིན་པའི་དེ་རིང་གི་ཉིན་མོར། གུང་ཁྲན་ཏང་ལ་ཡང་གོ་མིན་ཏང་ཕམ་ཉེས་སུ་སོང་བའི་ནད་རྙིང་ལྐོག་ཟ་རུལ་སུངས་ཀྱི་ན་ཚ་དེས་བཟུང་སྟེ། སྟག་དང་སྦྲང་མ་མཉམ་གསོད་ཀྱི་སྨན་བཅོས་ལས་འགུལ་སྤེལ་བཞིན་ཡོད་པ་རེད།

འོ་ན་སྨན་བཅོས་དེས་ན་ཚ་གཙང་བཟོ་བྱེད་ཐུབ་མིན་ནི་དྲི་བ་ཆེན་པོ་ཞིག་ཡིན་མོད། ན་ཚ་འདི་གང་སར་ཁྱབ་བརྡལ་དུ་ཕྱིན་ཏེ། དཔེར་ན། མགོ་དབུས་ཆབ་སྲིད་རྒྱུན་ལས་ནས་བཟུང་སྨད་གྲོང་སྡེ་ཆུང་ཆུང་ཚོའི་སྡེ་དཔོན་བར་ནད་ཡམས་འདིས་ཁྱབ་ཡོད་སྟབས། ན་ཚ་འདི་གོ་མིན་ཏང་གི་སྐབས་ལས་གུང་ཁྲན་ཏང་གི་སྐབས་ན་ཚ་ཁྱབ་ཤུགས་ཆེ་བ་ཡོད་པས་གཙང་བཟོ་ནམ་ཡང་བྱེད་མི་ཐུབ། དེས་རྐྱེན་སྲིད་འཛིན་ཞི་ཅིན་ཕེན་གྱིས་ད་ཐེངས་ཀྱི་ཚོགས་ཆེན་ཐོག་དམིགས་བསལ་གྱིས་ཁྲིམས་ལུགས་བཅོས་བསྒྱུར་བྱས་ཏེ། རྒྱལ་ཁབ་ཁྲིམས་ཀྱིས་སྐྱོང་ཐབས་ལ་འབད་བརྩོན་བྱེད་རྒྱུ་ཡིན་ཟེར་བ་མ་ཟད། དེང་རབས་ཅན་གྱི་སྤྱི་ཚོགས་རིང་རིགས་ལ་བསྒྱུར་དགོས་ཚུལ་གྱི་ཚིག་འདི་ཐེངས་མང་བེད་སྤྱོད་བྱས་ཡོད།  འདིར་རྒྱ་བོད་སོག་གསུམ་གྱི་མི་དམངས་དཀྱུས་མ་ཚོས་ཤེས་དགོས་པ་ཞིག་ལ། གུང་ཁྲན་ཏང་སྲིད་གཞུང་གིས་རྒྱལ་ཁབ་ཁྲིམས་ཀྱིས་སྐྱོང་བ་མ་ཡིན་པར་དབང་ཆ་ཆེ་ཆུང་བཀོལ་སྤྱོད་ཀྱིས་སྐྱོང་གི་ཡོད་པ་དེ་ཤེས་གལ་ཆེ་སྙམ།

ད་ཐེངས་ཀྱི་དམར་ཤོག་ཚོགས་པའི་ཚོགས་ཆེན་ ༡༩ པའི་སྟེང་། སྲིད་འཛིན་ཞི་ཡིས་དེང་རབས་ཅན་གྱི་སྤྱི་ཚོགས་རིང་ལུགས་སུ་འགྲོ་དགོས་ཚུལ་བཤད་སྟབས། དེང་རབས་ཅན་གྱི་སྤྱི་ཚོགས་རིང་ལུགས་ནི་ཅི་ཞིག་ཡིན་ནམ་ཞེས་བའི་དྲི་བ་འདིའི་མཉམ་དུ།  ངའི་ཡིད་ལ་འདས་བའི་མའོ་ཙེ་ཏུང་གི་སྐབས་ཀྱི་སྤྱི་ཚོགས་རིང་ལུགས་ནས་མ་འོངས་གུང་ཁྲན་རིང་ལུགས་མངོན་འགྱུར་བྱེད་དགོས་ཟེར་བ་དང་། ཏུན་ཞའོ་ཕེན་གྱིས་དེང་རབས་ཅན་བཞི་མངོན་འགྱུར་བྱེད་དགོས་ཟེར་བའི་ཚིག་འདི་དྲན་སོང་པས། རྒྱ་ནག་རྒྱལ་ཡོངས་ལ་ཁྱབ་པའི་རུལ་སུངས་ཀྱི་དྲི་ཆེན་ཞིག་ཤེལ་དམ་ཞིག་གི་ནང་བཅུགས་ཏེ། དེ་ལ་འབྲུག་རིས་ལྡན་པའི་གོས་ཆེན་ཞིག་གིས་གཡོགས་ནས་ཁྲོམ་རར་བཙོང་གི་ཁྱེར་བ་དང་གཅིག་མཚུངས་སུ་མཐོང་བས། མར་མེ་ཡལ་ཁ་གསལ་ཟེར་བ་ལྟར། གུང་ཁྲན་ཏང་གི་སྲིད་གཞུང་ནི་མཚོ་རླུང་འཕྱུར་བཞིན་པའི་རྒྱ་མཚོའི་སྟེང་གི་གྲུ་གཟིངས་ལྟར། གཡོ་འཁྱོམ་རྒྱག་བཞིན་པ་གསལ་བོ་རེད་སྙམ་སོང་།

གོང་དུ་བཀོད་པའི་དྲི་བ་ལྟར་དེང་རབས་ཅན་གྱི་སྤྱི་ཚོགས་རིང་ལུགས་ནི་ཅི་འདྲ་ཞིག་ཡིན་ནམ། མའོ་ཡི་སྐབས་ནས་བཟུང་དེང་རབས་ཅན་བཤད་ཡོད་མོད། འོན་ཀྱང་དེང་རབས་ཅན་གྱི་གུང་ཁྲན་རིང་ལུགས་ལ་སླེབས་ཐུབ་མེད་ལ། དེང་རབས་ཅན་གྱི་སྤྱི་ཚོགས་རིང་ལུགས་ལ་ཡང་སླེབས་མེད་པས། དེ་རིང་ད་དུང་ཡང་མའོ་ལྟར་དེང་རབས་ཅན་གྱི་སྤྱི་ཚོགས་རིང་ལུགས་ལ་འཕོ་འགྱུར་བྱེད་ཀྱི་ཡིན་ཟེར།  ཚོགས་ཆེན་ ༡༩ པའི་ཉིན་དང་པོར་ཆུ་ཚོད་ ༣ ལྷག་རིང་གཏམ་བཤད་བྱས་རྗེས། གལ་ཏེ་གསར་འགོད་པ་ཞིག་གིས་ཞི་ཅིན་ཕེན་ཁོ་རང་ལ་དྲི་བ་བཏོན་ཏེ། དེང་རབས་ཅན་གྱི་སྤྱི་ཚོགས་རིང་ལུགས་ནི་ཅི་འདྲ་ཞིག་ཡིན་ནམ་ཞེས་དྲིས་ཚེ། ཞི་ཅིན་ཕིན་ཁོ་རང་ལ་ཡང་འདི་འདྲ་ཞིག་ལ་དེང་རབས་ཅན་གྱི་སྤྱི་ཚོགས་རིང་ལུགས་ཟེར་གྱི་ཡོད་ཅེས་ཆབ་སྲིད་ཀྱི་སྒྲོམ་གཞི་ཞིག་བཤད་ཀྱི་མེད་པ་ཐག་ཆོད་ཡིན་པས།  གོང་གི་རྩོམ་བྱང་ལ་བཀོད་པ་ལྟར་ཆབ་སྲིད་ཀྱི་སྒྲོམ་གཞི་མེད་པའི་དེང་རབས་ཅན་གྱི་སྤྱི་ཚོགས་རིང་ལུགས་ཟེར་གྱི་ཡོད། ད་རུང་ཞི་ཡི་ལོ་ལྔ་ཡི་རྗེས་ནས་དམར་ཤོག་ཚོགས་པའི་སྲིད་དབང་བཟུང་ཡོད་ཚེ། སྲིད་འཛིན་རྗེས་མ་དེས་ཀྱང་དེང་རབས་ཅན་གྱི་སྤྱི་ཚོགས་རིང་ལུགས་མངོན་འགྱུར་བྱེད་ཀྱི་ཡིན་ཟེར་གྱི་ཡིན་ནམ།

དོན་ངོ་མར་དེང་རབས་ཅན་གྱི་སྤྱི་ཚོགས་རིང་ལུགས་སུ་སླེབས་ཀྱི་ཡོད་དམ། གལ་སྲིད་དེང་རབས་ཅན་གྱི་སྤྱི་ཚོགས་རིང་ལུགས་སུ་སླེབས་ཀྱི་ཡོད་ཚེ། ཞི་ཁོ་རང་གི་དེང་རབས་ཅན་གྱི་སྤྱི་ཚོགས་རིང་ལུགས་ནི་འདི་འདྲ་ཞིག་ཡིན་ཅེས་ཆབ་སྲིད་ཀྱི་སྒྲོམ་གཞིའམ་ལྟ་གྲུབ་ཞིག་གཏན་འཁེལ་བྱེད་ཐུབ་དགོས་མོད། འོན་ཀྱང་དེ་འདྲའི་ཆབ་སྲིད་ལྟ་གྲུབ་ཞིག་གཏན་ཁེལ་བྱེད་ཀྱི་མེད་པར། མའོ་ཙེ་ཏུང་གི་ཚིག་འགའི་མགོ་རྔ་བརྗེས་ཏེ། མི་མང་ལ་མགོ་སྐོར་གཏོང་བྱེད་ཀྱི་ཚིག་འགའ་ཡར་སྐོར་མར་སྐོར་བྱས་ནས་དབང་ཆ་སྲ་བརྟན་དུ་གཏོང་ཐབས་ཁོ་ན་ལས་མ་འདས།

འདིར་ང་ཚོས་ཤེས་དགོས་པ་ཞིག་ལ། དེང་རབས་ཅན་ཞེས་བའི་ཚིག་འདི་ཆབ་སྲིད་ཀྱི་ལྟ་གྲུབ་ཀྱི་ཁོངས་ནས་མི་བཤད་པར། འདི་ནི་མཚན་ཉིད་རིག་པའི་ལྟ་གྲུབ་ཀྱི་ཁོངས་ནས་བཤད་ན། མའོ་ཙེ་ཏུང་གི་སྐབས་ལ་ལྟོས་ཏེ་ཏུན་ཞའོ་ཕེན་གྱིས་ཕྱི་ཕྱོགས་སྒོ་འབྱེད་བྱས་པ་ནས་བཟུང་། ཏུན་ཞའོ་ཕེན་གྱི་སྐབས་དེང་རབས་ཅན་གྱི་སྤྱི་ཚོགས་འཇོག་དགོས། དེ་ལས་ཅང་ཧོའུ་གཉིས་ཀྱི་སྐབས་དེང་རབས་ཅན་གྱི་སྤྱི་ཚོགས་ཟེར་ཆོག དེ་ལས་དེ་རིང་སྲིད་འཛིན་ཞི་ཁོ་རང་སྐབས་དེང་རབས་ཅན་ཞེས་ལྟོས་ས་ལྟོས་འཇོག་གི་སྒོ་ནས་དེང་རབས་ཅན་ཞེས་འཇོག་དགོས་པ་ལས། ཅ་དངོས་བཞིན་མཛུབ་མོ་འཛུགས་ས་ཞིག་མེད་སྟབས། དེང་རབས་ཅན་གྱི་སྤྱི་ཚོགས་རིང་ལུགས་ཟེར་བའི་ཚིག་འདི་ངེས་བཟུང་རྩ་བ་ནས་མེད་པའི་མཐའ་མེད་ཀྱི་ཚིག་ཞིག་ཡིན་པས། རྒྱ་བོད་གཉིས་ཀྱི་རྒྱ་ནག་གི་ཆབ་སྲིད་ལ་དཔྱད་བརྗོད་བྱེད་མཁན་ཚོས། དེང་རབས་ཅན་གྱི་སྤྱི་ཚོགས་རིང་ལུགས་ཟེར་བའི་ཚིག་འདིའི་ཁོངས་སུ་ཅི་ཡོད་ལ་དཔྱད་པ་བྱས་པ་ནི་ངལ་བ་འབྲས་མེད་ཞིག་ཏུ་མཐོང་། རྒྱུ་མཚན་ནི། མི་རབས་ལྔའི་རིང་ལ་དེང་རབས་ཅན་བཤད་ནས་བསྡད་ཀྱང་མའོ་ཡི་སྐབས་ལས་གུ་ཡངས་ཅུང་ཕྱིན་པ་ལས། དབང་ཆ་བཀོལ་སྤྱོད་བྱེད་ཕྱོགས་སུ་འགྱུར་བ་ཅི་ཡང་མ་ཕྱིན་པར་སྔར་ལྟར་བསྡད་ཡོད་པ་རེད།

དེ་ལས་ཁྲིམས་ལུགས་བཅོས་བསྒྱུར་ཟེར་བ་འདི་ལ་དཔྱད་པ་བྱས་ཏེ། མ་འོངས་པར་ཁྲིམས་ལུགས་གང་ཞིག་བཅོས་བསྒྱུར་བྱ་མིན་དང་། བཅོས་བསྒྱུར་བྱས་རྗེས་སུ་ཁྲིམས་ལུགས་ལྟར་རྒྱལ་ཁབ་སྐྱོང་མིན་དེ་གལ་ཆེན་རེད། དེའི་རྐྱེན་སྲིད་འཛིན་ཞི་ཁོ་རང་སྲིད་སྟེགས་སྟེང་བསྡད་པ་ནས་བཟུང་། རྒྱལ་ཁབ་ཁྲིམས་ཀྱིས་དབང་བསྒྱུར་བྱེད་པ་ལ་འབད་བརྩོན་བྱེད་དགོས་ཞེས་ཐེངས་མང་ཚིག་འདི་བེད་སྤྱོད་བྱེད་ཀྱི་ཡོད་པ་མཐོང་སོང་པས། ང་ཚོས་ཁྲིམས་ལུགས་བཅོས་བསྒྱུར་བྱེད་མིན་དང་། ཁྲིམས་ལུགས་ལྟར་རྒྱལ་ཁབ་སྐྱོང་མིན་ལ་ད་དུང་ཚོད་དཔག་བྱེད་དཀའ་བ་ཞིག་རེད་སྙམ། ཕྱི་ལོ་ ༢༠༡༨ལོ འི་ཕྱི་ཟླ་ ༣ བར་ཚོད་དཔག་ག་ཚོད་བྱས་ཀྱང་། དབུས་ཆབ་སྲིད་རྒྱུན་ལས་བརྗེས་པ་ཙམ་གྱིས་གུང་ཁྲན་ཏང་གི་ཆབ་སྲིད་ལ་འགྱུར་བ་འགྲོ་བའི་ངེས་པ་མེད་པས། ལོ་རྗེས་མའི་ཕྱི་ཟླ་ ༣ པ་ནང་ཁ་ཕྱོགས་གང་ལ་འགྲོ་མིན་ང་ཚོས་ཅུང་ཟད་ཤེས་སྲིད།  ཡིན་ན་ཡང་། དེང་རབས་ཅན་གྱི་སྤྱི་ཚོགས་རིང་ལུགས་མངོན་འགྱུར་བྱེད་པ་ནི། རྒྱ་ནག་གུང་ཁྲན་ཏང་གི་རྨི་ལམ་ཡིན་ན་ཡང་། རྨི་ལམ་ནི་རང་ཡིན་པ་ལས་འགྲུབ་པའི་ངེས་པ་མེད་སྟབས། དེང་རབས་ཅན་སྤྱི་ཚོགས་རིང་ལུགས་མངོན་འགྱུར་བྱེད་དུས་ནི་གུང་ཁྲན་ཏང་འཐོར་ཞིག་ཏུ་སོང་བའི་ཉིན་མོ་ཡིན་ངེས།།

བསྐྱར་བཅོས།: ༢༠༡༧/༡༠/༣༡

Leave a Reply