རྒྱལ་དར་ལ་གུས་མེད་བྱས་ན་ཁྲིམས་ཆད་གཅོད་རྒྱུ་ཡིན།

རྒྱ་ནག་དབུས་རྒྱུན་ལྷན་ཚོགས་ཀྱིས་རྒྱལ་གླུ་དང་རྒྱལ་དར་ལ་གུས་མེད་བྱས་ན་ཉུང་མཐར་ལོ་གསུམ་གྱི་ཁྲིམས་ཆད་གཅོད་རྒྱུ་ཡིན་པའི་སྒྲིག་ཁྲིམས་གསར་པ་ཞིག་གཏན་འབེབ་བྱས་ཡོད་འདུག

དེ་རིང་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱི་གནས་ཚུལ་ལྟར་ན། ཁ་སང་གཟའ་ཟླ་བའི་ཉིན་ནས་པེ་ཅིན་གྲོང་ཁྱེར་དུ་འཚོགས་བཞིན་ཡོད་པའི་རྒྱ་ནག་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱི་དབུས་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག སྤྱི་ཚོགས་ནང་རྒྱ་ནག་གི་རྒྱལ་གླུ་དང་རྒྱལ་དར་ལ་གུས་མེད་བྱས་ཏེ། རྒྱལ་དར་མེར་སྲེག་པ་དང་རྡོག་བརྫིས་གཏོང་མཁན་ཚོར་ཉུང་མཐར་ལོ་གསུམ་གྱི་ཁྲིམས་ཆད་གཅོད་རྒྱུ་ཡིན་པའི་སྒྲིག་ཁྲིམས་གསར་པ་ཞིག་གཏན་འབེབ་བྱས་ཡོད་པ་དང་། སྒྲིག་ཁྲིམས་གསར་པ་དེ་བདུན་ཕྲག་འདིའི་གཟའ་མཇུག་ནས་ཉེན་རྟོག་ཁང་བརྒྱུད་དེ་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་འདུག

ཡང་གནས་ཚུལ་དེའི་ནང་། རྒྱ་ནག་དབུས་རྒྱུན་ལྷན་ཚོགས་ཀྱིས་འདི་ལོའི་ཕྱི་ཟླ་ ༩ པའི་ནང་རྒྱ་ནག་གི་རྒྱལ་གླུ་དང་རྒྱལ་དར་ལ་གུས་བརྩི་བྱེད་དགོས་པའི་སྐོར་ལ་སྒྲིག་ཁྲིམས་གསར་པ་ཞིག་གཏན་འབེབ་བྱས་ཡོད་པའི་ནང་། རྒྱལ་ཁབ་ཀྱི་རྒྱལ་གླུ་དང་རྒྱལ་དར་ལ་གུས་མེད་བྱེད་པ་དང་། མེར་སྲེག་པ། རྡོག་བརྫིས་གཏོང་མཁན་ཚོར་ཉུང་མཐར་ཉིན་གྲངས་བཅོ་ལྔའི་རིང་བཀག་བསྐྱིལ་གྱིས་འདྲི་གཅོད་ནན་མོ་བྱ་རྒྱུ་ཡིན་ལུགས་བཤད་ཡོད་ནའང་། དེ་རིང་གཏན་འབེབ་བྱས་པའི་སྒྲིག་ཁྲིམས་གསར་པ་དེའི་ནང་། བཙོན་འཇུག་གི་དུས་ཡུན་ཇེ་རིང་ལ་བཏང་སྟེ། སྤྱི་ཚོགས་ནང་རྒྱལ་ཁབ་ཀྱི་རྒྱལ་གླུ་དང་རྒྱལ་དར་ལ་གུས་མེད་བྱས་ཚེ་ཉུང་མཐར་ལོ་གསུམ་གྱི་ཁྲིམས་ཆད་གཅོད་རྒྱུ་གཏན་འབེབ་བྱས་ཡོད་སྐོར་དང་།  དེ་བཞིན་ཕྱི་ལོ་ ༢༠༡༣ ལོ་ནས་ཞི་ཅིན་ཕིན་གཞུང་གིས་རྒྱལ་ཁབ་བདེ་འཇགས་ཡོང་ཆེད། རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་སྨྲ་བརྗོད་རང་དབང་བརྩོན་ལེན་བྱེད་མཁན་ཚོར་མུ་མཐུད་དྲག་གནོན་བྱེད་བཞིན་ཡོད་སྐོར་སོགས་འཁོད་འདུག

གཞན། དེ་རིང་ཧོང་ཀོང་རང་དབང་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་རྒྱ་ནག་ཞིབ་འཇུག་པ་ཝེ་ལེམ་ནཱི་ (William Nee) ཟེར་བ་ཞིག་གིས། རྒྱ་ནག་གི་སྒྲིག་ཁྲིམས་གསར་པ་དེ་ནི་རྒྱལ་སྤྱིའི་ཁྲིམས་དང་མི་མཐུན་པ་ཞིག་རེད། སྨྲ་བརྗོད་རང་དབང་ནི་ཁྲིམས་འགལ་ཡིན་མི་སྲིད། ང་ཚོས་རྒྱལ་ཁབ་ཀྱི་རྒྱལ་པོ་དང་རྒྱལ་དར། རྒྱལ་གླུ་བཅས་ལ་གུས་བརྩི་བྱེད་མིན་གྱི་སྨྲ་བརྗོད་རང་དབང་སྲུང་སྐྱོབ་བྱེད་པ་ནི་ཁྲིམས་འགལ་ཡིན་མི་སྲིད། ཅེས་སོགས་བརྗོད་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༡༠/༣༡

Leave a Reply

2 thoughts on “རྒྱལ་དར་ལ་གུས་མེད་བྱས་ན་ཁྲིམས་ཆད་གཅོད་རྒྱུ་ཡིན།

  1. གཞུང་པ་ཚེ་དབང་བསོད་ནམས་ཡ

    རྒྱ་ནག་རྒྱལ་ཁབ་ལ་ངོམས་རྒྱུ་སྐར་ལྔའི་དར་དམར་ཡོད་པ་དེ་ལ་ཁྲིམས་མ་བཟོས་ན་རྩི་བཀུར་ཞུ་མཁན་མེད་པ་འདྲ་ད་བྱས་ན་སོ་སོའི་རྒྱལ་ཁབ་ཀྱི་རྒྱལ་དར་དང་རྒྱལ་གླུ་ལ་རྩི་མཁན་མེད་ན་རྒྱ་ནག་དེ་གྲལ་རིམ་དམངས་གཙོ་ནས་མི་མང་མང་གཙོའི་ལམ་ལ་མགྱོགས་པོ་ཁ་ཕྱོགས་འདོད་ཡིན་པ་འདྲ་།

  2. རྒྱུད་གྲྭ་བློ་བཟང་དབང་འདུས།

    ཨ་ཙི་་་ ཀྱེ་མ། སྙིང་རྗེ། རྒྱ་དམར་གཞུང་། དཔོན་རིགས་ཚོ་མརྗོད་མི་དགོས་་་ རྒྱལ་གླུ་དང་དར་ཆ་ལའང་ བརྩི་མཐོང་བརླགས། བརྩི་མཐོང་དགོས་པའི་ཁྲིམས་་་ ཧོ་ཧོ་ འུ་ཐུག་ཐབས་ཟད། ཨོཾ་མ་ཎི་པདྨེ་ཧཱུཾ།